Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་ཕྱིའི་དངོས་པོ་ཡར་རྒྱས་ལས་ནང་སེམས་ཀྱི་བདེ་སྐྱིད་སྐྲུབ་ཐབས་གནང་གལ་ཡིན་པ་བཀའ་བསྩལ་བ།

རྒྱ་མི་དགྲ་ལ་བལྟས་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུའི་བསམ་བློ་རྒྱ་ཆུང་དྲགས་པ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བོད་ནས་གསར་དུ་འབྱོར་བ་དང་། ས་གནས་ཁག་ནས་ཕེབས་པའི་བོད་མི། དེ་བཞིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐོག་འདུ་འཛོམས་བྱུང་བ་བཅས་ཁྱོན་སེར་སྐྱ་མང་ཚོགས་ ༨༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ནི་མི་དང་མིའི་འབྲེལ་བའི་ཐོག་ནས་སེལ་ཐུབ་རྒྱུ་ཞིག་མ་གཏོགས། རྒྱ་མི་དགྲ་ལ་བལྟས་ནས་དཀའ་ངལ་སེལ་རྒྱུའི་བསམ་བློ་གཏང་ཚེ་དེ་བསམ་བློ་རྒྱ་ཆུང་དྲགས་པ་རེད་ཅེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་བོད་མི་ཚོར་རྒྱ་མི་གུང་ཕྲན་ཐོག་མར་བོད་ལ་སླེབས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཆོལ་གསུམ་ནང་གི་གནས་བབ་དང། སྐབས་དེར་༸གང་ཉིད་མཆོག་གིས་དབུས་པའི་བོད་གཞུང་གིས་རྒྱ་གར་དང་རྒྱ་ནག་གཞུང་དང་ལྷན་དུ་ཞི་འགྲིག་ཡོང་རྒྱུའི་ཐད་ལ་འབྲེལ་བ་དང་ཐབས་ཤེས་གང་ཐུབ་གནང་བའི་བརྒྱུད་རིམ་ཞིབ་ཕྲ་དང་། མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་རྗེས་བོད་གཞུང་དང་བོད་པའི་སློབ་གྲྭ་སོགས་གསར་འཛུགས་གནང་བའི་བརྒྱུད་རིམ། ལྷག་པར་དུ་བོད་དོན་ཆབ་སྲིད་དང་འབྲེལ་ནས་རྒྱལ་ཚོགས་སུ་སྔ་རྗེས་ཞུ་འབོད་གནང་བ་སོགས་ལོ་མང་རིང་གི་༸སྐུའི་མྱོང་བ་དང་འབྲེལ་དབུ་ལམ་གྱི་བྱུང་རིམ་རྒྱབ་ལྗོངས་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། ཁྱད་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ད་བར་བོད་ནང་དུ་གཟིགས་སྐོར་རིམ་པ་ཕེབས་ཐུབ་པ་བྱུང་སྐོར་དང། རྒྱ་ནག་གི་སྲིད་འཛིན་དང་ཐད་ཀར་བཀའ་མོལ་བྱུང་བ།  དེ་བཞིན་གཞིས་བྱེས་གཉིས་ཀྱི་བོད་མི་ཕན་ཚུན་དབར་འབྲེལ་ལམ་མཐུད་ཐུབ་པ་བྱུང་བ་དང་། རྒྱ་གར་གཞུང་དང་ཡོ་རོབ་གྲོས་ཚོགས་མཚོན་པའི་རྒྱལ་སྤྱིའི་གཞུང་ཁག་ནས་གཞུང་འབྲེལ་གྱི་རྒྱབ་སྐྱོར་ཐོབ་ཡོད་པ་སོགས་འགྲུབ་འབྲས་གང་ཙམ་ཐོན་ཡོད་སྐོར་བཀའ་བསྩལ་སོང་། དེ་བཞིན་དེང་སྐབས་རྒྱ་ནག་ནང་དུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་རྒྱ་གཉིས་འཆམ་མཐུན་ཡག་པོ་ཞིག་བྱུང་ཐུབ་ཚེ་རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་ནང་པ་ས་ཡ་མང་པོར་ཕན་ཐོགས་ཐུབ་ཀྱི་རེད་ཅེས་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ཆོལ་ཁ་གསུམ་དང་ཆོལ་བརྒྱུད་དང་བཅས་པ་ཚང་མར་དབྱེ་བ་མེད་པར་སྡུག་པོ་གཅིག་མཚུངས་བཏང་བར་བརྟེན་ད་ཆ་བོད་མི་ཚང་མ་ཆིག་སྒྲིལ་ཆགས་ཡོད་པ་བཀའ་སྩལ་དང་འབྲེལ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལུང་ཚན་དང་ཆོས་བརྒྱུད། དེ་བཞིན་ཆབ་སྲིད་ལངས་ཕྱོགས་བཅས་ཀྱི་ཆ་ནས་འཐེན་འཁྱེར་བྱེད་རྒྱུ་མེད་པར་བཀའ་ནན་བསྩལ་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་དེང་གི་འཛམ་བུ་གླིང་འདིའི་ཐོག་བོད་མི་རིགས་ཀྱི་ཆེ་མཐོང་སླེབས་གཞི་ནི་བོད་ཀྱི་ཆོས་དང་རིག་གཞུང་ཆགས་ཀྱི་ཡོད་པ་དང་། དེར་བརྟེན་གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་ཐུན་མིན་སྐད་ཡིག་ཐོག་དོ་སྣང་ཆེ་ཙམ་བྱེད་དགོས་ཞེས་ལམ་སྟོན་རྒྱ་ཆེ་མཛད་ཡོད།

༸གོང་ས་མཆོག་གིས་ཕྱིའི་དངོས་པོ་ཡར་རྒྱས་ལས་ནང་སེམས་ཀྱི་བདེ་སྐྱིད་སྐྲུབ་ཐབས་གནང་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཨོ་ས་ཀའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཟུགས་མཐོང་རླུང་འཕྲིན་ཞིག་གིས་བཀའ་འདྲི་ཞུས་པར་ཕྱིའི་དངོས་པ་ཡར་རྒྱས་ལས་ནང་སེམས་ཀྱི་བདེ་སྐྱིད་སྐྲུབ་ཐབས་གནང་གལ་ཡིན་པ་བཀའ་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༥ ཕྱི་ཚེས་ ༩ ཉིན་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནས་གྲོང་ཁྱེར་ཨོ་ས་ཀར་ཆིབས་སྒྱུར་མཛད་ནས་ཁུལ་དེར་རྟེན་གཞི་བྱས་པའི་ཨོ་ས་ཀའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ཉིན་རྒྱབ་ཚོུད་ ༡།༠༠ ཐོག་རྒྱལ་སྤྱིའི་གཟུགས་མཐོང་རླུང་འཕྲིན་ NHK ཡིས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང།  དེ་བཞིན་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་གནང་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་བཀའ་བསྩལ་གནང་དོན།  ཉི་ཧོང་ལྟ་བུ་ལ་ཆ་མཚོན་ན་ཕྱིའི་དངོས་པོ་འཕྲུལ་ལས་ཐོག་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་།  ཆོས་ལུགས་འདྲ་མིན་ཡོད་པའི་རྒྱལ་ཁབ་ཞིག་ཀྱང་ཆགས་ཡོད་སྟབས།  ཉི་ཧོང་གི་མང་ཚོགས་ཚོས་སྤྱི་ཚོགས་མཉམ་གནས་ཀྱི་གོ་སྐབས་དང་།  ལྷག་དོན་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་གནང་གལ་ཆེ་བའི་བླང་དོར་གྱི་བཀའ་སློབ་བསྩལ་འདུག མཛད་འཆར་ལྟར་ན། སང་ཉིན་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཉིན་བཞིའི་རིང་ཉིན་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོར་ཉི་ཧོང་ས་གནས་མི་དམངས་གཙོས། ཐེ་ཝན། སོག་པོ། སིན་གྷ་པུར་དང་ཀོ་རི་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀྲིན་བསྩལ་རྒྱུ་དང་དེ་བཞིན་གསུང་ཆོས་ཀྱི་ཉིན་མཐའ་མར་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་རྒྱུའི་ཆོས་འབྲེལ་ཡོད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཉི་ཧོང་ནང་༸ཞབས་སོར་བདེ་བར་འཁོད་སྐབས་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་དཔོན་རིགས་ཁག་གཅིག སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་ས་གནས་བོད་རིགས་དང་ཧི་མཱ་ལ་ཡི་མི་རིགས། དེ་བཞིན་ཉི་ཧོང་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་གིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

Latest news

- Advertisement -spot_img