Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཕན་ཚུན་དབར་གུ་ཡངས་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་དཀའ་རྙོག་སེལ་དགོས་པའི་གཞེན་སྐུལ་གནང་བ།

བདམས་ཐོན་སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུ་དབུ་འཛུགས།

དེ་རིང་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་སེལ་སླད་ནང་ཁུལ་དབར་བཞུགས་མོལ་ཚོགས་འདུ་ཞིག་དབུ་འཛུགས་གནང་ཡོད། འདི་ལོའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ཏུ་བབས་ནས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་ཐོག་ཕེབས་མ་ཐུབ་པའི་དཀའ་རྙོག་དེ་དེ་མུར་ལྷག་སྟེ་ཟླ་བ་བཞི་ཙམ་འགྲོ་བཞིན་པའི་མཚམས་འདིར་ཕྱི་རྒྱལ་ཁག་ནས་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམ་པས་འགན་བཞེས་པའི་ཐོག་བདམས་ཐོན་སྤྱི་འཐུས་རྣམས་ཀྱི་དམ་འབུལ་དང་འབྲེལ་དཀའ་རྙོག་ཁག་སེལ་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་འོས་འདེམས་གནང་རྒྱུ་གཙོས་ལས་རིམ་ཁག་སྔར་རྒྱུན་ལྟར་རྒྱུན་འཁྱོངས་གནང་ཐུབ་ཐབས་ལ་ཆེད་དམིགས་ཀྱིས་ཐེངས་འདིའི་ནང་མོལ་ཚོགས་འདུ་ཚོགས་ཐུབ་པ་ཞིག་བྱུང་ཡོད་པ་དང་། ནང་མོལ་ཚོགས་འདུ་འདི་ད་ལྟའི་ཆར་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་གནང་རྒྱུ་ཡིན་པ་དང་། དེ་རིང་ཉིན་དང་པོར་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་གོ་བསྡུར་དང་ཐབས་ལམ་ཇི་ཡོད་བཀའ་བསྡུར་གནང་རྒྱུ། སང་ཉིན་གཉིས་པར་ཐབས་ལམ་རྣམས་ཕྱོགས་བསྡུས་ཀྱི་གྲོས་ཆོད་འཇོག་རྒྱུ་ཡིན་པ་རེད།དེ་རིང་ནང་མོལ་ཚོགས་འདུའི་ཐོག་ཨོ་སི་ཀྲེ་ལེ་ཤེ་ཡའི་མངའ་ཁུལ་གྱི་བདམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཕུད་པའི་གཞན་བདམས་ཐོན་སྤྱི་འཐུས་ ༤༤ ཆ་ཚང་དངོས་སུ་ཆེད་བཅར་གནང་འདུག་པ་དང་། ནང་མོལ་ཚོགས་འདུའི་སྐབས་བདམས་ཐོན་སྤྱི་འཐུས་རྣམས་ནས་ལག་ཐོགས་ཁ་པར་ངེས་པར་དུ་སྒོ་རྒྱག་དགོས་པ་དང་། སྒྲ་འཇུག་དང་བརྙན་ལེན་རིགས་མི་ཆོག་པ། གཞན་གྱི་བཀའ་མོལ་ལ་གསན་འཇོག་གནང་དགོས་པ། སོ་སོའི་འདོད་མོས་དང་མཐུན་མིན་འབྱུང་ཚེ་ཚོགས་ཁང་ནས་ཕྱིར་ཕེབས་པའམ་རྣམ་འགྱུར་ངན་པའི་རིགས་མི་གནང་བ། དེ་བཞིན་ནང་མོལ་ཚོགས་འདུ་མཇུག་མ་བསྒྲིལ་བར་སྒེར་སོ་སོ་ནས་སྤྱི་ཚོགས་དྲ་རྒྱ་དང་བརྒྱུད་ལམ་ཁག་ལ་གང་བྱུང་བཤད་ཐལ་མི་ཆོག་པ་སོགས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཁག་ཅིག་གཏན་འབེབས་གནང་དོན་ལྟར་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་དེ་རིང་བརྒྱུད་ལམ་ཁག་གི་བཅར་འདྲི་དང་བཞེས་གནང་མེད་པ་མ་ཟད། ལྷག་པར་དུ་ཐེངས་འདིའི་ནང་མོལ་ཚོགས་འདུ་ཐོག་རྐང་འགན་བཞེས་མཁན་ཕྱི་རྒྱལ་ཁུལ་གྱི་བདམས་ཐོན་སྤྱི་འཐུས་ཁག་ཅིག་གི་སྐུ་ཚབ་ལ་བཅར་འདྲི་ཞུ་ཐབས་ཞུས་ཀྱང་གང་ཡང་གསུང་རྒྱུ་མེད་ཅེས་གསུངས་སོང་། གཞི་རྩའི་འདི་ལོའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨...

ཕན་ཚུན་དབར་གུ་ཡངས་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་དཀའ་རྙོག་སེལ་དགོས་པའི་གཞེན་སྐུལ་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་བདམས་ཐོན་སྤྱི་འཐུས་རྣམས་ལྷན་འཛོམས་ཀྱིས་སྡིངས་ཆ་གཅིག་གི་ཐོག་ནས་ཕན་ཚུན་དབར་གུ་ཡངས་དང་མོས་མཐུན་གྱིས་མདུན་སྐྱོད་གནང་རོགས་ཞེས་འབོད་སྐུལ་ཞུས་འདུགདེའང་ཟླ་བ་འདིའི་ཚེས་ ༢༧  ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཟུར་ཡོངས་ལ་ཐུགས་རྗེ་ལེགས་གསོལ་གཟེངས་རྟགས་འདུ་འཛོམས་ཞེས་པའི་ལས་རིམ་ཞིག་ཚོགས་འདུག་པ་དང་། དེའི་ཐོག་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་ལས་རིམ་གོ་སྒྲིག་གནང་མཁན་གཙོས་ཚོགས་བཅར་བ་མང་ཚོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དབར་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་དགོས་པའི་ཕྱག་བྲིས་ཤིག་ཕུལ་ཡོད་པའི་གནད་དོན་ལས་འཕྲོས་ཏེ། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ངོས་ནས་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཕར་མ་འཚོགས་རྒྱུ་ཐད་འབད་བརྩོན་གང་ཡོང་གནང་ཡོད་པ་དང་། གྲོས་ཚོགས་འཕར་མ་དེའི་ནང་གཙོ་བོ་དམ་བཅའ་འབུལ་ཞུ་ཕྱོགས་ཀྱི་ལམ་ལུགས་ཐོག་ཐག་གཅོད་གནང་ཚེ་སྲིད་སྐྱོང་གསར་པ་ཕེབས་སྐབས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གཙང་མ་ཞིག་ཡོང་རྒྱུ་མ་ཟད། བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གསར་པ་ཞིག་གཏན་འབེབས་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་སྤྱི་འཐུས་རྒྱུན་ལས་མི་ཉུང་བ་ཞིག་གིས་དེར་དགག་པ་གནང་སྟེ་མཐར་གྲོས་ཚོགས་འཕར་མ་འཚོགས་ཐུབ་མེད་སྟབས་ད་བར་དཀའ་ངལ་དེ་སེལ་མ་ཐུབ་པར་གནས་སྟངས་དེ་མུར་ལྷག་ཡོད་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་གང་ལྟར་ད་ལྟའི་དཀའ་རྙོག་དེ་སེལ་ཐབས་སུ་བདམས་ཐོན་སྤྱི་འཐུས་རྣམ་པ་ཐེངས་གཅིག་ལྷན་འཛོམས་ཏེ་ཕན་ཚུན་དབར་གུ་ཡངས་དང་གུས་ཞབས་གནང་བའི་ཐོག་ནས་བགྲོ་གླེང་གིས་མོས་མཐུན་ཡོད་པའི་ཐག་གཅོད་གཅིག་གི་ཐོག་མདུན་སྐྱོད་གནང་ཐུབ་ཚེ་ཚང་མ་ཞི་འཇགས་ཡོང་རྒྱུ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་ལམ་ལུགས་ཡང་དག་པའི་སྒྲིག་འཛུགས་འདི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཞིག་ཡོང་ངེས་ཡིན་པར་གསུངས་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༣  ནང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་རྐྱེན་གྱིས་སྤྱི་ཚོགས་ནང་གླེང་སློང་མང་དག་ཅིག་བྱུང་ཡོད་པ་དང་དེའི་ཁྲོད་སྐབས་དེའི་བཀའ་ཤག་སྐབས་བཅོ་ལྔ་པའི་ངོས་ནས་གནད་དོན་དེའི་ཐད་འགྲེལ་བརྗོད་གང་ཡང་མ་གནང་བར་སེམས་འཚབ་ཀྱི་ཐོག་ནས་དགོངས་ཚུལ་གསུང་མཁན་ཡང་བྱུང་ཡོད་པ་རེད།སྐབས་ ༡༧ པའི་གྲོས་ཚོགས་འཚོགས་མ་ཐུབ་པའི་དཀའ་ངལ་འདི་དང་འབྲེལ་དེ་རིང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཏུ་དཀའ་རྙོག་དང་རྩོད་གཞི་ཅི་འདྲ་ཞིག་ཡིན་རུང་འདུམ་འགྲིག་ཡོང་ཐབས་སུ་ཕྱོགས་ཚང་མའི་ངོས་ནས་བློས་བཏང་དང་གུ་ཡངས་ངེས་ཅན་ཞིག་གནང་དགོས་པ་སྨྲོས་མེད་ཡིན་པ་དང་། ཐེངས་འདིའི་དཀའ་རྙོག་ཁྲོད་དུ་ཕྱོགས་གང་གིས་ཀྱང་རང་ཉིད་ཁོ་ན་བཅའ་ཁྲིམས་སྲུང་མཁན་ཡིན་པའི་འུར་ཤོབ་གནང་བ་ནི་དོན་དངོས་དང་མཐུན་པ་ཞིག་རྩ་བ་ནས་མིན་པར་ཤོག་ཁག་ཚང་མའི་སྟེང་ལ་བཅའ་ཁྲིམས་དང་འགལ་བའི་ཆ་སྟོན་རྒྱུ་ཡོད་སྟབས་ཕྱོགས་ཚང་མས་རང་རང་གི་ཁོར་ཡུག་དང་ཁེངས་པ། ལངས་ཕྱོགས་སོགས་རེ་ཞིག་ཟུར་དུ་བསྐྱུར་ན་དཀའ་རྙོག་དེ་སེལ་རྒྱུའི་ཐབས་ལམ་ཡོད་པ་སོགས་གསུངས་པ་དང་སྦྲགས། དཀའ་རྙོག་འདི་གསལ་ཐབས་སུ་ཐོག་མར་བདམས་ཐོན་སྤྱི་འཐུས་ཡོངས་ནས་ཡང་བསྐྱར་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་རྒྱུ་དང་། དེའི་རྗེས་སུ་དབུས་འོས་བསྡུ་ལས་ཁང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུ་དང་བདམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀས་ཁྲིམས་ཞིབ་པ་རྒན་པའི་མདུན་ནས་དམ་འབུལ་ཞུ་རྒྱུ། དམ་འབུལ་གྱི་མཛད་རིམ་དེ་དག་གྲུབ་མཚམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་པོ་རང་འགུལ་གྱིས་དགོངས་ཞུ་གནང་དགོས་པའི་ཐབས་ལམ་གསུངས་འདུགད་དུང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ངོས་ནས་བཀའ་བློན་བསྐོ་གཞག་གྲུབ་མཚམས་སུ་བཅའ་ཁྲིམས་ནང་གི་ཀ་བ་གསུམ་པོའི་འགན་དབང་དང་འབྲེལ་བའི་དོན་ཚན་ཁག་གསལ་ཆ་དོད་པོ་དང་སྲ་བརྟན་ཡོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པ་དང་བཅའ་ཁྲིམས་སུ་རྩོད་རྙོག་འདུམ་འགྲིག་དང་འབྲེལ་བའི་དོན་ཚན་གསར་སྣོན་གནང་ཐུབ་ཚེ་མ་འོངས་པར་དཀའ་ངལ་འདི་རིགས་འགོག་པར་ཕན་ཐོགས་འབྱུང་ངེས་ཡིན་པའི་དགོངས་ཚུལ་ཡང་གསུངས་འདུག ཐེངས་འདིའི་དཀའ་རྙོག་འདི་ད་ལྟའང་སེལ་ཐབས་མ་རྙེད་པ་ནི་གཙོ་བོ་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མ་ཐུབ་པའི་དབང་གིས་ཡིན་པ་དང་། དཀའ་རྙོག་འདི་སེལ་ཐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྒན་པ་དང་འཛིན་སྐྱོང་གི་དབུ་ཁྲིད་སྲིད་སྐྱོང་གཉིས་ལ་འགན་ཆེ་ཤོས་ཡོད་པ་སོགས་གསུངས་འདུག

Latest news

- Advertisement -spot_img