Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་གར་གྱི་ཏོག་དབྱིབས་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་བ།

རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མི་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་བར་བསྔགས་བརྗོད་ཀྱིས་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པ་གསུངས་སོང་།ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ Covid19 འམ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་བར་བོད་མི་བརྒྱ་ཙམ་ལ་གཉན་རིམས་དེ་ཕོག་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ནས་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པ་གསུངས་སོང་།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དབུས་གཉན་རིམས་སྔོན་འགོག་གི་ཛ་དྲག་ཚོགས་ཆུང་གི་ལས་ཀྱི་སྣེ་མོ་ཁག་ཅིག་བཅས་དབུ་བཞུགས་ཐོག་དྲྭ་ཐོག་བརྒྱུད་དེ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་འབྲེལ་ཡོད་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དམིགས་བསལ་ལས་དོན་ཚོགས་ཆུང་བརྒྱུད་གཉན་རིམས་སྔོན་འགོག་དང་སྲུང་སྐྱོབ་ཐད་འབད་བཞིན་ཡོད་པ་ངོ་སྤྲོད་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཧི་མཱ་ཅལ་མངའ་སྡེ་དེ་བཞིན་ཏོག་དབྱིབས་གཉམ་རིམས་ཀྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་ཚུད་མེད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་བར་བོད་མི་བརྒྱ་ཕྲག་ལ་གཉན་རིམས་དེ་ཕོག་ཡོད་ཀྱང་དེའི་ཁོངས་ནས་མང་ཆེ་བ་དྲག་སྐྱེད་འབྱུང་བཞིན་ཡོད་སྟབས་བོད་མི་ཚོས་ཐུགས་ཁྲལ་མ་གནང་མི་དགོས་ཞེས་གསལ་བཤད་གནང་སོང་།སྲིད་སྐྱོང་མཆོག་གིས་ད་དུང་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཁྱོན་ལ་ཛ་དྲག་གི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་ཁྲོད་འདིར་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་དགོན་སྡེ་ཁག དེ་བཞིན་བོད་པའི་ཚོགས་སྒེར་སོ་སོ་ནས་རྒྱ་གར་དབུས་དང་མངའ་སྡེ་གཞུང་མང་གཉིས་ཀྱི་གཉན་རིམས་ངལ་སེལ་ཐེབས་རྩར་རྒྱབ་སྐྱོར་སླད་ཞལ་འདེབས་རྒྱ་གང་ཆེ་གནང་བཞིན་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་ཀྱི་ཉིན་གི་གསོལ་ཕོགས་ཞལ་འདེབས་སུ་ཕུལ་ཡོད་པ་གསུངས་འདུག གཞན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་མནར་བཞིན་པའི་བོད་མི་གཅིག་ཀྱང་མེད་ཅེས་དང་ལྷག་དོན་ཉེ་ལམ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་བར་བསྔགས་བརྗོད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གཉན་རིམས་སྔོན་འགོག་གི་ལས་དོན་མུ་མཐུད་གནང་མུས་ཡིན་པ་སོགས་ངོ་སྤྲོད་གནང་སོང་།རྩ་བའི་དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོར་ཏོག་དབྱིབས་གཉན་རིམས་རྐྱེན་པས་མི་རྒྱུ་གཉིས་ཀར་གོད་ཆག་ཤུགས་ཆེན་ཕོག་བཞིན་པའི་ཁྲོད་འདིར་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་ནང་ཆགས་པའི་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་ནས་རྒྱ་གར་དབུས་དང་མངའ་སྡེ། དེ་བཞིན་ས་གནས་མོན་གྷོ་གཞིས་ལས་ཁང་བཅས་ལ་ཧིན་སྒོར་འབུམ་ཅུ་དགུ་དང་བཞི་སྟོང་ཐམ་པ་ཕུལ་འདུག ཀུན་བདེ་གླིང་དགེ་རྩ་ཚོགས་པས་ཀྱང་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་འབུམ་གཅིག་དང་ཨ་རུ་ནཱ་ཅལ་མངའ་སྡེར་ཧིན་སྒོར་འབུམ་བཞི། དབུས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་གཉིས་དང་དེ་མིན་མོན་གྷོ་ཕྱོགས་ཀྱི་རྒྱ་གར་བ་དཔལ་འབྱོར་ཞན་པའི་ཁྱིམ་ཚང་ཆིག་སྟོང་ཙམ་ལ་ཧིན་སྒོར་འབུམ་བརྒྱད་ཀྱི་བཟའ་ཆས་སོགས་ཀྱི་རོགས་སྐྱོར་གནང་མུས་རེད་འདུགཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་འབྲེལ་ཡོད་མངའ་སྡེའི་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་བཞི་དང་དེ་བཞིན་སྲིད་བློན་མོ་དཱི་མཆོག་གི་མཚོན་ཐོག་ལ་ཧིན་སྒོར་འབུམ་དྲུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཉན་རིམས་ངལ་སེལ་ཐབས་རྩར་ཧིན་སྒོར་འབུམ་གསུམ་དང་ཧུན་སུར་གཞིས་ལས་ཁང་བརྒྱུད་ས་གནས་ཡན་ལག་སྨན་ཁང་ལ་འབུམ་གཅིག་བཅས་ཧིན་སྒོར་འབུམ་ཉི་ཤུ་རྩ་གཅིག་ཞལ་འདེབས་ཕུལ་ཡོད་པ་རེད།འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ཀིརྟི་བྱེས་པ་གྲྭ་ཚང་། དེ་བཞིན་རིགས་ལམ་སློབ་གཉེར་ཁང་བཅས་ནས་མངའ་སྡེའིསྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་བཞི་དང་ཀཱངྒ་རཱ་རྫོང་དཔོན་གྱི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་བཅུ། དེ་བཞིན་སྲིད་བློན་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་བཅས་ཕུལ་ཡོད་པ་མ་ཟད། དེ་རིང་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་གིས་དྷ་ས་ཁུལ་དུ་ཉིན་སླ་ལ་བརྟེན་མཁན་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༨༠༠ ལ་བཟའ་ཆས་སྦྱིན་གཏོང་གནང་སོང་།གཞན་ཡང་བཞུགས་སྒར་ཉེ་འདབས་སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་འདུས་སྤྱི་ཡིས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མཉན་རིམས་སྔོན་འགོག་གི་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་ལྔ། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་ཡིས་འབུམ་གཅིག་དང་སྟོང་ཕྲག་བརྒྱད་བཅུ། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་གར་དབུས་གཞུང་ལ་ཧིན་སྒོར་འབུམ་བཞི་དང་ཁུལ་དེའི་མགོན་མེད་ཉམ་ཐག་བརྒྱ་སྐོར་ཞིག་ལ་བཟའ་ཆས་སྦྱིན་གནང་ཡོད་པ་རེད།

རྒྱ་གར་གྱི་ཏོག་དབྱིབས་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་བ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་ཁྱབ་གདལ་དུ་བྱུང་བའི་ Covid19 རིམས་ནད་དེ་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ཙམ་ཞིག་ནང་ཁྱབ་གདལ་དུ་འགྲོ་མུས་ཡིན་པ་དང་ནད་ཡམས་དེར་གདོང་ལེན་སླད་རྒྱ་གར་བྱང་ཕྱོགས་ཨུཏྲ་ཁན་ཌ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭས་རྫོང་གི་ཏོག་དབྱིབས་གཉན་རིམས་གྱི་ངལ་སེལ་ཐེབས་རྩར་འབུམ་གསུམ་ལྷག་ཞལ་འདེབས་ཕུལ་འདུགཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོགས་སྒེར་སོ་སོ་ནས་སྲིད་བློན་དང་མངའ་སྡེའི་སོགས་ཀྱི་ཏོག་དབྱིབས་གཉན་རིམས་གྱི་ངལ་སེལ་ཐེབས་རྩར་རྒྱབ་སྐྱོར་སླད་ཞལ་འདེབས་རྒྱ་གང་ཆེ་གནང་རྒྱུའི་ཞུ་སྐུལ་གནང་བ་ལྟར་འདས་པའི་ཉིན་ཤས་ནས་བོད་པའི་བླ་སྤྲུལ་གཙོས་པའི་དགོན་སྡེ་ཁག་དང་། ཚོགས་སྒེར་སོ་སོ་ནས་སྲིད་བློན་དང་མངའ་སྡེ་དེ་བཞིན་རྫོང་གི་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་རྒྱ་གང་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད།ས་གནས་སོ་སོར་ཡོད་པའི་ཉམ་ཐག་དབུལ་ཕོངས་ཚོར་བཟའ་ཆས་སོགས་ཀྱི་སྦྱིན་གཏོང་གནང་ཡོད་པ་དང་ཆབས་ཅིག དེའི་ཁྲོད་ཁ་སང་ཕྱི་ཚེས་ ༡༣ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭས་རྒྱ་གར་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཕྱོགས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་སློབ་གྲྭའི་ལས་བྱེད་དང་ལས་ཡོལ་གསོལ་ཕོགས་བཞེས་མཁན་རྣམས་ཀྱི་ཉིན་གཅིག་གི་གསོལ་ཕོགས་ཧིན་སྒོར་ ༣༠༠༧༨༨ ས་གནས་རྫོང་གི་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་གནང་འདུགདེ་བཞིན་ཁ་ཉིན་ཕྱི་ཚེས་ ༡༢ ཉིན་རྙིང་མའི་དགོན་སྡེ་ཁག་གིས་རིམས་ནད་དེར་གདོང་ལེན་སླད་སྨན་བཅོས་དང་དགོས་ངེས་ཅན་ལ་བཟའ་འབྲུ་རིགས་མཐུན་སྦྱོར་ཆེད་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེར་རྟེན་གཞི་བྱས་པའི་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་དགོན་པས་མངའ་སྡེའི་ཏོག་དབྱིབས་གཉན་རིམས་ཀྱི་ངལ་སེལ་ཐེབས་རྩར་འབུམ་གསུམ་དང་། འབྲས་ལྗོངས་སྨིན་གྲོལ་གླིང་དགོན་པས་མངའ་སྡེའི་ཏོག་དབྱིབས་ངལ་སེལ་ཐེབས་རྩར་འབུམ་གསུམ། དེ་བཞིན་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་གཞིས་སྒར་དུ་ཆགས་པའི་ངེས་དོན་དགའ་ཚལ་གླིང་ནས་ཨུ་ཏྲ་ཁན་ཌ་མངའ་སྡེའི་ཏོག་དབྱིབས་ཀྱི་ངལ་སེལ་ཐེབས་རྩར་འབུམ་བཅུ་ཞལ་འདེབས་གནང་འདུག དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལས་དྷ་སྟེང་བོད་ཁྱིམ་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་དང་ཀཱངྒ་རྰ་རྫོང་གི་ངལ་སེལ་ཐེབས་རྩར་འབུམ་གཉིས། བོད་ཀྱི་དཔེ་མཛོད་ཁང་གིས་ཆིག་འབུམ་ཆིག་ཁྲི། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབུམ་གཅིག གཞན་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པས་འབུམ་གཅིག་བཅས་ཞལ་འདེབས་སུ་ཕུལ་འདུགགཞི་རྩའི་ད་ཆ་འཛམ་གླིང་སྤྱི་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ངལ་བ་འཕྲད་བཞིན་པའི་སྐབས་འདིར་གཉན་རིམས་དེར་གདོང་ལེན་སླད་རྒྱལ་ཁབ་སོ་སོ་ནས་ཛ་དྲག་གི་ཐོག་ནས་ཕར་འགྲོ་ཚུར་འོང་གི་བྱ་གཞག་ལ་བཀག་སྡོམ་དང་དེ་བཞིན་སྤྱི་ཚོགས་རྒྱང་ཐ་་བསྟེན་དགོས་པ། ལྷག་པར་ཕྱིར་ཕེབས་དགོས་པ་འབྱུང་ཚེ་ངེས་པར་དུ་ཁ་རས་གྱོན་དགོས་པ་མ་ཟད་དོགས་གཞི་ཡོད་མཁན་རྣམས་རང་ཁྱིམ་དུ་ཟུར་བཀག་གནང་དགོས་པ་སོགས་ལམ་སྟོན་གནང་ཡོད་པ་རེད། འོན་ཀྱང་དཀའ་ཚེགས་ཀྱི་དུས་ཚིགས་འདིར་ཉིན་གླ་ཁོ་ནར་བསྟེན་མཁན་དབུལ་ཕོངས་དང་ཉམ་ཐག་རྣམས་ལ་ངལ་བ་ཧ་ཅང་འཕྲད་ཀྱི་ཡོད་པ་ལྟར་རང་རེའི་སྤྱི་ཚོགས་ནང་བོད་མི་ཚོགས་སྒེར་ཁག་ཅིག་ནས་ངལ་བ་དེ་དག་སེལ་སླད་བཟའ་འབྲུ་ཟམ་མི་ཆད་པར་སྦྱིན་གཏོང་གནང་བཞིན་འདུག དེའི་ཁྲོད་ཉེ་ལམ་དོན་གྲུབ་གླིང་གཞིས་སྒར་བོད་མི་རྣམས་ནས་ས་གནས་དེར་ཡོད་པའི་རྒྱ་གར་གྱི་ལས་མི་དང་དབུལ་ཕོངས་རྣམས་ལ་བཟའ་འབྲུ་སོགས་སྦྱིན་གཏོང་གནང་འདུགདཔལ་འབྱོར་ཡོད་མཁན་བོད་མི་ཁག་ཅིག་གིས་ས་གནས་སུ་དངུལ་གྱི་ཞལ་འདེབས་དང་དེ་བཞིན་ལ་ལས་ས་གནས་ཀྱི་སྨན་ཁང་སོགས་སུ་ཕྱག་ལས་གནང་བཞིན་པའི་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་བྱེད་ཚོར་རིན་མེད་ཐོག་ཁ་རས་བགོ་འགྲེམས་དང་གདོང་ཁེབས་ལ་སོགས་པ་བཟོས་ཏེ་གཞན་ཕན་གྱི་ཕྱག་ལས་གནང་སྟེ་སེམས་འགུལ་ཐེབས་པའི་ལས་འགུལ་སྣ་མང་སྤེལ་བཞིན་པའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག

Latest news

- Advertisement -spot_img