Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ་དབུ་འཛུགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས།  རྡ་སའི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ཉིན་བརྒྱ་དུས་གཅིག་གི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཏེ། བོད་ཧིན་དབྱིན་གསུམ་གྱི་ཐོག་ནས་མི་མང་གིས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་གི་ཅ་དོངས་ཉོ་ཚོང་མཚམས་འཇོག་དགོས་བའི་གཏམ་བཤད་གནང་སོང་།དེ་རིང་གི་ལས་འགུལ་དེའི་ཐོག  ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དང་། རྒྱ་གར་གྱི་ཚོང་པ་ཚོགས་པའི་སྐུ་ཚབ། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ཚོགས་མི་དང་ཧིན་བོད་གཉིས་ཀྱི་གསར་འགོད་པ་རྣམས་དང་མི་མང་སོགས་འདུ་འཛོམས་ཀྱིས།   རྒྱ་ནག་གི་ཇ་དེམ་དང་རྩིས་འཁོར་སོགས་ཀྱི་མཚོན་པའི་ཅ་དངོས་མང་པོ་དང་ལྷན་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་གཟུགས་དང་དང་རྒྱ་ནག་གི་རྒྱལ་དར་བཅས་མེར་བསྲེགས་བཏང་བའི་ཐོག   བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན།  ཏོག་དབྱིབས་ནད་དུག་ནི་རྒྱ་ནད་རེད། དེ་བཞིན་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་སོགས་ཀྱི་སྐད་འབོད་འདྲ་མིན་གྱི་ཁྲོད་མེག་གྷན་ཁྲོམ་གཞུང་དུ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་བོད་སྐད་ཐོག་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་དོན་ཚན་གསུམ་གྱི་ཐོག་ནས་མི་མང་ལ་གཏམ་བཤད་གནང་སྟེ། འདི་ལོ་རྒྱ་ནག་གིས་འཛམ་གླིང་གང་སར་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱིས་རྒྱལ་སྤྱི་མང་ཚོགས་ཁྲི་སྟོང་མང་པོའི་ཚེ་སྲོག་འཕྲོག་བཞིན་པའི་དུས་སྐབས་འདིར།  རྒྱལ་སྤྱིའི་མི་མང་གིས་ཕྱོགས་གང་ས་ནས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་། གཞི་རྩའི་དེ་རིང་གི་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་བའི་ལས་འགུལ་འདི་ནི། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ།   རྒྱལ་སྤྱིའི་ཁྲོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཚོགས་པ་ཁག་ཐུན་མོང་གིས་ཉིན་བརྒྱ་དུས་གཅིག་གི་ལས་གཅིག་ལས་འགུལ་ཞིག་ཆགས་ཀྱི་ཡོད་སྟབས།  རྒྱ་གར་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་དུས་གཅིག་ལ་ལས་འགུལ་འདི་སྤེལ་བཞིན་པ་ཞིག་རེད་འདུག

བོད་པ་དང་རྒྱ་གར་ཡུལ་མི་ཟུང་གིས་རྒྱ་ནག་ལ་ངོ་རྒོལ་གནང་བ།

ཉེ་ཆར་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་དཔོན་ Santosh Babu ལགས་གཙོས་པའི་དམག་མི་ ༢༠ ཚེ་སྲོག་ཤོར་བ་དང་འབྲེལ། དེ་རིང་བཞུགས་སྒར་མེག་ལོཊ་ཁྲོམ་གཞུང་དུ་བོད་པ་དང་ས་གནས་ཡུལ་མི་ཟུང་འབྲེལ་ཐོག་རྒྱ་ནག་གི་བྱེད་སྤྱོད་ལ་ངོ་རྒོལ་གྱི་སྐད་འབོད་གནང་སོང་།ལས་འགུལ་དེའི་ནང་དྷ་ས་ཉེ་འཁོར་གྱི་རྒྱ་གར་ཚོང་པའི་སྐྱིད་སྡུག་དང་གླ་འཁོར་སྐྱིད་སྡུག ཧིན་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་དབུས་རྒྱུན་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བཙོན་འགྲུས་ལགས་གཙོས་བོད་མི་དང་ས་གནས་ཡུལ་མི་སོགས་ཁྱོན་མང་ཚོགས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་འདུགསྐབས་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཐེངས་འདིའི་ལས་འགུལ་འདི་ནི་ས་གནས་བོད་མི་དང་རྒྱ་གར་ཡུལ་མི་ཟུང་འབྲེལ་ཐོག་ཉེ་ཆར་ས་མཚམས་ས་ཁུལ་གྱི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་མྱ་ངན་གུས་བཏུད་དང་རྒྱ་གཞུང་གིས་དེ་སྔ་བོད་ས་བཙན་བཟུང་བྱས་པ་མ་ཟད་ད་ཆ་རྒྱ་གར་གྱི་ས་ཁུལ་དུ་བཙན་འཛུན་བྱེད་བཞིན་པའི་བྱེད་སྤྱོད་ལ་ངོ་རྒོལ་ཡོད་པའི་རྣམ་པ་ཆེད་བཏོན་གནང་རྒྱུ་ཡིན་པ་གསུངས་ཡོད། ལས་འགུལ་ནང་མཉམ་ཞུགས་གནང་བ་རྒྱ་གར་གྱི་ས་གནས་ཡུལ་མི་ Prem Sagar ལགས་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ་དུས་མང་པོའི་གོང་ཐེ་ཝན་དང་ཧོང་ཀོང་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་ཐེ་བྱུས་འདྲ་མིན་བྱེད་བཞིན་པ་མ་ཟད་ཉེ་ཆར་རྒྱ་གར་གྱི་བདག་དབང་འོག་ཡོད་པའི་ས་མཚམས་ཁག་ཏུ་བཙན་འཛུལ་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་། རྒྱ་གར་དང་རྒྱ་ནག་གྱི་ས་མཚམས་ཞེས་པ་འདི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་ཆགས་པ་ཞིག་ལས་དེ་མིན་དོན་དངོས་ཐོག་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པར་གསུངས་སོང་བ་མ་ཟད། ས་མཚམས་ཀྱི་རྩོད་རྙོག་དེ་དག་སླར་མི་ཡོང་བར་རྒྱ་གར་ནས་བོད་འདི་རྒྱ་ནག་དང་ཐ་དད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་གནང་དགོས་པ་དང་དུས་ཚོད་ཀྱི་ཆ་ནས་ཡང་འོས་འཚམས་རེད་ཅེས་གསུངས་ཡོད།    དེ་བཞིན་རྒྱ་ནག་གྱི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མེད་པའི་ངོ་རྒོལ་སྐད་འབོད་དང་འབྲེལ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པ་ Pintu Sharma ལགས་སུ་བཅར་འདྲི་ཞུས་པར་ལས་འགུལ་འདི་དང་ཐོག་དོ་བདག་སོ་སོས་ལག་བསྟར་གནང་སྟེ་དེ་རྗེས་གཞན་ལ་འབོད་སྐུལ་གནང་གལ་ཡིན་པ་གསུངས་སོང་།གཞི་རྩའི་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་ས་མཚམས་དམག་མིའི་དབར་གདོང་ཐུག་གི་གནད་དོན་སོགས་དང་འབྲེལ་ཏེ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་གར་མང་ཚོགས་ཁྲོད་རྒྱ་ནག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཁྲོད་བོད་མི་ཚོས་ཀྱང་རྒྱ་གར་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག་ཏུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བགྲོ་གླེང་ལས་ལམ་ཐོག་མཉམ་ཞུགས་གནང་སྟེ་བོད་མིའི་བཞེངས་ཕྱོགས་གསལ་འདོན་གནང་རྒྱུ་དང་རྒྱ་གར་གཞུང་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་མཁན་མི་ཉུང་བ་ཞིག་བྱུང་ཡོད།

རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་སྤྱོད་མཚམས་འཇོག་དགོས་པའི་ལས་འགུལ་དབུ་འཛུགས།

ད་ཆ་རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་འདི་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་བཏང་སྟེ་མི་སེར་མང་པོའི་ཚེ་སྲོག་འཕྲོག་དང་འཕྲོག་བཞིན་པ་མ་ཟད་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་མི་མང་གི་འཚོ་ཐབས་ལ་དོ་ཕོག་ཤུགས་ཆེན་པོ་གཏོང་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་རྒྱལ་ཁབ་དང་མང་ཚོགས་མང་པོས་རྒྱ་ནག་གཞུང་ལ་ངོ་རྒལ་གྱི་རྣམ་འགྱུར་ཆེས་བཏོན་གནང་བཞིན་པའི་ཁྲོད་འདིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་འགོ་འཛུགས་གནང་སོང་།དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དྷ་ས་མེག་ལོཊ་ཁྲོམ་གཞུང་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་རྣམ་པ་དང་ས་གནས་མི་མང་ཁག་ཅིག་མཉམ་ཞུགས་ཐོག་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་ལས་འགུལ་དབུ་འཛུགས་གནང་བ་་དང་སྦྲགས་མང་ཚོགས་དང་ས་གནས་ཀྱི་ཡུལ་མི་ཁག་ནས་རྒྱ་ནག་གི་ཅ་དངོས་བེད་སྤྱོད་གནང་མཚམས་འཇོག་རྒྱུའི་མཚན་རྟགས་ཆེད་བཀོད་གནང་སོང་བ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དགོན་པོ་དོན་གྲུབ་ལགས་ཀྱིས་སྤྱིར་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་མང་དག་ཅིག་ཡོད་ཀྱང་རྒྱུ་མཚན་གཙོ་བོ་གསུམ་ཡོད་པ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་དམག་དོན་གྱི་གོ་མཚོན་རྒྱ་སྐྱེད་བཏང་སྟེ་རྩོད་རྙོག་ཡོད་པའི་ས་མཚམས་ཁག་ཏུ་འཇིགས་སྐུལ་གྱི་དམག་སྦྱོང་བྱས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཐོག་མ་ཉིད་ནས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་སྦས་གསང་བྱས་ཏེ་ད་ཆ་རྒྱལ་སྤྱིའི་ཡུལ་གྲུ་གང་སར་དཀའ་ངལ་ཆེན་པོ་བཟོས་པ་བཅས་ཀྱི་བྱ་སྤྱོད་ལ་གཞིགས་ཏེ་ཐེངས་འདིའི་ལས་འགུལ་བརྒྱུད་དེ་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་སྤྲོད་ཐུབ་པ་གནང་རྒྱུ་དེ་ཡིན་ཞེས་གསུངས་སོང་།   དེ་བཞིན་ལས་འགུལ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ནང་ད་ཆ་འཛམ་གླིང་ཐོག་ནད་ཡམས་དང་འབྲེལ་བའི་དཀའ་ངལ་ཆེན་པོ་བཟོས་པའི་ནག་ཉེས་དང་འགན་ཆ་ཚང་རྒྱ་ནག་གཞུང་ནས་ཁུར་དགོས་པ་དང་རྒྱལ་སྤྱིའི་མི་མང་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བློ་འགེལ་བྱེད་མི་རུང་བ། དེ་བཞིན་རྒྱ་ནག་གཞུང་ནས་འཛམ་གླིང་མི་མང་ལ་གྱོང་གུད་དང་དཀའ་ངལ་སྤྲད་པའི་འགན་ཁུར་དང་ལེན་ཐོག་གུན་གསབ་ངེས་པར་དུ་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད།   རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་ཏོགས་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཁྲོད་ཟླ་ ༥ ཚེས་ ༢༣ ནས་དབུ་འཛུགས་གནང་སྟེ་ཉིན་གྲངས་བཅུའི་རིང་དྲྭ་ཐོག་བརྒྱུད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེས་ཆེར་སོང་བའི་ནག་ཉེས་དང་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་ཁུར་དགོས་པའི་ལས་འགུལ་ཀྱང་སྤེལ་ཡོད་པ་རེད།ད་ལྟའི་ཆར་ཚོར་བ་རྣོ་བའི་ཛ་དྲག་དུས་སྐབས་འདིར་བོད་པ་ཙམ་མ་ཟད་རྒྱ་གར་ལ་དྭགས་ནས་ཡིན་པ་ཤེས་ཡོན་སློབ་གསོ་བ་དང་ཁོར་ཡུལ་སྲུང་སྐྱོབ་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ Boycott China ཞེས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མིན་ཞེས་པའི་འབོད་སྐུལ་གྱི་ལས་འགུལ་དེར་རྒྱ་གར་མང་ཚོགས་མང་དག་ཅིག་གིས་ཚོར་ཤུགས་ཆེན་པོས་མཉམ་ཞུགས་གནང་བཞིན་ཡོད་པ་རེད།

Latest news

- Advertisement -spot_img