Tibetan Royal Year of 2151 | Year of the Wood Dragon

གྲྭ་བློ་བཟང་ཐབས་མཁས་ལགས་བོད་ཕྱི་ཕྱོགས་ཀྱི་དཔེ་དེབ་པར་སྐྲུན་བྱས་པའི་ཉེས་མིང་འོག་འཛིན་བཟུང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་དཔེ་མཛོད་འགན་འཛིན་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ཀྱིས་བོད་ཕྱི་ཕྱོགས་ཀྱི་དཔེ་ཆ་པར་སྐྲུན་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཏེ་ཟླ་བ་ ༨ ལྷག་ཕྱིན་འདུག

བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་ཅིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་པ་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་ཕྱི་ལོ་ ༢༠༢༣ ཟླ་ ༦ ནང་རྔ་པ་ཀིརྟི་དགོན་གྱི་དཔེ་མཛོད་འགན་འཛིན་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ནས་འདོན་སྤེལ་གནང་བའི་དཔེ་ཆ་ཁག་བོད་ནང་པར་སྐྲུན་དང་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ད་ཆ་འཛིན་བཟུང་བྱས་ཏེ་ཟླ་ ༨ ལྷག་ཕྱིན་ཡོད་ནའང་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

གཞི་རྩའི་རང་ལོ་ ༥༤ སོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནི་རྨེའུ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་ཞིང་ཕ་མིང་ལ་ཁ་བརྩོན་དང་མ་མིང་ལ་ཞོ་ཀ་ཞུ་ཡི་ཡོད་ཅིང་། ཁོང་རྔ་པ་ཀིརྟི་དགོན་པའི་དཔེ་མཛོད་དོ་དམ་ཟུར་བ་ཞིག་ཡིན་འདུག

གཞན་ཡང་བོད་ནང་གི་གནས་ཚུལ་གཞན་ཞིག་ལ་མདོ་སྨད་རྔ་བ་རྫོང་གི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ནས་ཡིན་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱ་གཞུང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་པའི་ཉེས་འཛུགས་འོག་ལོ་བཞི་དང་ཕྱེད་ཀ་ལྷག་གི་བཙོན་འཇུག་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་མུ་མཐུད་རྟོག་ཞིབ་དམ་པོ་བྱེད་མུས་ཡིན་པ་རེད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་པའི་ཉེས་འཛུགས་འོག་ལོ་བཞི་དང་ཕྱེད་ཀ་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྔ་བ་སྣང་ཞིག་དགོན་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ཉེ་ཆར་ཟླ་བ་འདིའི་ཚེས་ ༡ ཉིན་སི་ཁྲོན་ཞིང་ཆེན་གྱི་ Mianyang བཙོན་ཁང་ནས་བཙོན་འཇུག་དུས་ཡུན་ཚང་ནས་གློད་བཀྲོལ་བཏང་ཡང་ད་ལྟའི་ཆར་ཁོང་ཁཱ་ཤུལ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་པ་ཙམ་ལས་འཕྲོད་བསྟེན་གནས་བབ་དང་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་བཀོད་འདུག

འབྲེལ་ཡོད་བོད་མི་གཅིག་གིས་གསར་ཁང་དེར་མུ་མཐུད་བརྗོད་ཡག་ལ་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་བོད་ནང་གི་ཆུ་ཚོད་ ༥ ཙམ་ལ་རིན་ཆེན་ཚུལ་ཁྲིམས་ལགས་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ད་ལྟའི་ཆར་མུ་མཐུད་ལྟ་སྲུང་འོག་ཡོད་པས་གནས་ཚུལ་ཞིབ་ཕྲ་བཤད་ཐབས་མེད་སྐོར་མངོན་གསལ་གནང་འདུག

དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་ནག་ཉེན་རྟོག་པས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༧ ནང་འཛིན་བཟུང་གིས་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་རྗེས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༣ ནང་རྔ་བ་ཁུལ་གྱི་མི་མང་བདེ་འཇགས་ལས་ཁུངས་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་བའི་ཉེས་མིང་འོག་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མར་འཁྲུངས་ཤིང་། ད་ལྟ་རང་ལོ་ ༣༢ ཡིན་པ་དང་ལོ་དྲུག་ཙམ་ནས་རྔ་པ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་གནང་སྟེ་སློབ་གཉེར་རྒྱུན་སྐྱོང་གིས་སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲིས་དོན་གྲུབ་དང་མ་མིང་ལ་མཚོ་མོ་ཟེར་ཞིང་ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་ལྔ་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།