Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༣ ལོ་མཇུག་ཏུ་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཇེ་མང་ཕྱིན་པ་མངོན་གསལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཕྱི་ལོ་ ༢༠༢༣ ལོ་མཇུག་ཏུ་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ ༩༥༠ ལྷག་ཙམ་བྱུང་ཡོད་པ་མ་ཟད། བོད་དང་། པེ་ཅིང་། ཧྲང་ཧའེ། དེ་བཞིན་ Shaanxi ཧྲང་ཤིའ་བཅས་ནི་མི་འབོར་ལ་གཞིགས་པས་དམ་བསྒྲགས་ཆེ་ཤོས་བྱ་སའི་ས་ཁུལ་ཆགས་ཡོད་པ་མངོན་གསལ་གནང་འདུག

དེའང་ཨ་རི་ནང་དུ་རྟེན་གཞི་བྱས་པའི་ Freedom House རང་དབང་ཁང་པས་ China Dissent Monitor 2024 ཞེས་རྒྱ་ནག་ནང་སྲིད་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྣམ་པ་རིགས་ལ་རྟོག་ཞིབ་ཀྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༢༠༢༣ ལོ་མཇུག་ཟླ་བ་གསུམ་གྱི་ནང་དུ་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཁྱོན་ ༩༥༠ ཙམ་བྱུང་བ་ནི་ལོ་དེའི་ཟླ་དྲུག་སྟེ། ཕྱི་ཟླ་ ༤ ནས་ ༩ བར་གྱི་གནད་དོན་དང་བསྟུར་ན་བརྒྱ་ཆ་ ༥༠ ཙམ་གྱི་མང་དུ་སོང་བ་ཞིག་ཆགས་ཀྱི་ཡོད་པ་དང་། གྲངས་འབོར་དེའི་ཁོངས་ནས་ ༢༠༠ ཙམ་ཞིག་བོད་བརྒྱུད་ནང་བསྟན་དང་། Falun Gong ཧྥ་ལུང་གོང་། དེ་བཞིན་ཡེ་ཤུ་དང་ཁ་ཆེ་བཅས་ཀྱི་ཆོས་ལུགས་ལ་དམ་བསྒྲགས་བྱས་པའི་གནད་དོན་ཆགས་ཀྱི་ཡོད་པ་རེད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། རྒྱ་གཞུང་གིས་དམ་བསྒྲགས་ལ་ལྟོས་མེད་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་ཁྱོན་ ༢༩ ནང་རང་ཉིད་ཀྱི་ཆོས་ལུགས་ཉམས་ལེན་དང་བརྒྱུད་སྤེལ་བྱས་པར་འཛིན་བཟུང་སོགས་ཀྱི་གནད་དོན་ ༢༠༠ ཙམ་བྱུང་ཡོད་པ་དེའི་ཁྲོད་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་གནད་དོན་ ༡༡ དང་། Falun Gong ཧྥ་ལུང་གོང་དང་འབྲེལ་བའི་གནད་དོན་ ༡༦༣ དེ་བཞིན་ཡེ་ཤུའི་གནད་དོན་ ༢༣ དང་ཁ་ཆེའི་གནད་དོན་ ༣ བཅས་མངོན་གསལ་གནང་འདུག་ཅིང་། གྲངས་འབོར་དེ་དག་དབར་ཁྱད་པར་ཆེན་པོ་ཡོད་པ་དེ་ནི་གཙོ་བོ་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཡུ་གུར་གཙོས་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དམིགས་བསལ་དམ་བསྒྲགས་དང་སྟངས་འཛིན་ཆེ་བ་བྱས་རྐྱེན་ཡིན་པ་མ་ཟད། ས་གནས་ས་ཐོག་གི་གནས་ཚུལ་དུས་ཐོག་ཐོན་རྒྱུ་དཀའ་བས་གོང་འཁོད་གྲངས་ཐོ་དེ་དག་ངེས་པ་ཞིག་མིན་པར་དེ་ལས་མང་བ་ཡོད་པའང་ཚོད་དཔག་གནང་གི་ཡོད་འདུག

ཆོས་ཕྱོགས་ཀྱི་ལས་དོན་དང་འབྲེལ་བའི་གནད་དོན་ ༢༠༠ ཙམ་བྱུང་ཡོད་པ་དེའི་ཁྲོད་ཆོས་དད་པ་མི་ཉུང་བ་ཞིག་སྲིད་གཞུང་ལ་ཐད་ཀར་གདོང་ལེན་བྱེད་མཁན་བྱུང་ཡོད་ཀྱང་། བརྒྱ་ཆ་ ༩༤ ཙམ་སྲིད་གཞུང་གིས་ཡོངས་སུ་དམ་བསྒྲགས་བྱས་ཡོད་པ་དང་། རྒྱ་གཞུང་གིས་དམ་བསྒྲགས་དེའང་དངུལ་གྱི་ཆད་པ་དང་། འབོད་འགུགས། མནར་གཅོད། འཛིན་བཟུང་། དམར་གསོད་སོགས་ཀྱི་རྣམ་པ་མི་འདྲ་བ་ཁག་ ༡༥ ལག་བསྟར་བྱེད་ཀྱི་ཡོད་པ་ཐེར་འདོན་གནང་འདུག

དམ་བསྒྲགས་དེའི་ཁྲོད་གནད་དོན་ཨང་ ༦༠༡ ནང་འཁོད་ཟི་ཁྲོན་ཞིང་ཆེན་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རིང་པོར་བཞུགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་བོད་མི་ལྔ་འཛིན་བཟུང་དང་། རྗེས་སུ་བོད་མི་གཅིག་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་ཡོད་པ་མངོན་གསལ་ཙམ་མ་ཟད། ཕྱི་ལོ་ ༢༠༢༢ ལོར་རྒྱ་གཞུང་གིས་ཐོ་འགོད་བྱས་པའི་ཆོས་སྡེ་རྣམས་ཀྱིས་དྲ་ཐོག་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་ཕྱོགས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་པར་བརྟེན། ཁྲིམས་གཞི་དེ་ཉིད་ལྷག་པར་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་དང་བྱེད་སྒོ་སྤེལ་སའི་དྲ་རྒྱའི་གླེང་སྟེགས་སོགས་ལ་སྔར་ལྷག་དམ་བསྒྲགས་བྱེད་བཞིན་པར་ཕྱི་ལོ་ ༢༠༢༣ ཟླ་ ༢ ནང་ཀན་སུ་ཞིང་ཆེན་ནང་གནས་སྡོད་བོད་པའི་བུད་མེད་ཅིག་གིས་སྨོན་ལམ་ཆེན་མོའི་འདྲ་པར་ཁག་དྲ་ཐོག་ཏུ་སྤེལ་བའི་རྗེས་ཐོགས་རྒྱ་གཞུང་ཉེན་རྟོག་པས་ཉེན་བརྡ་བཏང་ཡོད་པ་རེད་ཅེས་ཐེར་འདོན་གནང་འདུག

གཞི་རྩའི་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་ནག་ནང་སྲིད་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ངོ་རྒོལ་གནད་དོན་ ༤༦༣༨ བྱུང་ཡོད་པ་མངོན་གསལ་གནང་ཞིང་། ལྷག་པར་ཕྱི་ལོ་ ༢༠༢༣ ལོའི་ནང་ཁྱོན་ངོ་རྒོལ་གི་གནད་དོན་ ༢༩༨༨ དང་། དེ་ལོའི་ལོ་མཇུག་ཟླ་གསུམ་གྱི་ནང་དེ་འབྲེལ་གནད་དོན་ ༩༥༢ བྱུང་ཡོད་པ་ཐེར་འདོན་གནང་བའི་ཁྲོད། བརྒྱ་ཆ་ ༦༡ ངལ་རྩོལ་བ་དང་། བརྒྱ་ཆ་ ༡༧ སྡོད་ཁང་འཛུགས་སྐྲུན་དང་འབྲེལ་བ། དེ་བཞིན་ལྷག་མ་བརྒྱ་ཆ་ ༢༢ ནི་ཁོར་ཡུག་དང་། སློབ་གྲྭའི་བདེ་འཇགས། གཡོ་ཟོལ། ས་ཆའི་རྩོད་རྙོག ཆོས་དད་རང་དབང་སོགས་དང་འབྲེལ་བ་ཆགས་ཀྱི་འདུག ལྷག་པར་གནད་དོན་ནི་སྔ་ལོའི་ཕྱི་ཟླ་ ༤ ནས་ ༦ དང་། ཕྱི་ཟླ་ ༧ ནས་ ༩ བར་བྱུང་བའི་གནད་དོན་དང་བསྡུར་ན་བརྒྱ་ཆ་ ༣༠ དང་ ༥༠ བཅས་སོ་སོར་སྔར་ལྷག་འཕར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།