Tibetan Royal Year of 2151 | Year of the Wood Dragon

བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དགོངས་རྫོགས་རྗེས་དྲན་དང་འབྲེལ་སྐུ་ཐོག་གོང་མའི་མཛད་རྗེས་མུ་མཐུད་རྒྱུན་སྐྱོང་ཡོང་བའི་ཐུགས་སྨོན་མཛད་སོང་།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱབ་ཕྱག་ཚོད་ ༣།༣༠ ཐོག་གནས་མཆོག་རྡོ་རྗེ་གདན་གྱི་ Mahabhodi Cultural Centre ཞེས་མཱ་ཧཱ་བྷོ་དྷི་རིག་གཞུང་ལྟེ་གནས་ཁང་དུ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་མྱ་ངན་ལས་འདས་ཏེ། ལོ་ངོ་ ༥༥༠ ཧྲིལ་པོར་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་པ་དང་འབྲེལ། བླ་ཆེན་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ད་ལྟའི་ཀུན་བདེ་གླིང་སྐུ་ཕྲེང་བཅུ་གསུམ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནས་སྐུ་ཐོག་གོང་མའི་མཛད་རྗེས་མུ་མཐུད་རྒྱུན་སྐྱོང་ཡོང་བའི་ཐུགས་སྨོན་གནང་སོང་།

མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་མངའ་བདག་༸དཔལས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་༸འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་ ༡༣ པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་དགེ་བཤེས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་དང་སྐུ་མགྲོན་ཁག་ཅིག དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ མ་ཟིན་ཙམ་ལྷན་ཞུགས་གནང་ཡོད་པ་རེད།

སྐབས་དེར་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་གཙོས་པའི་སྐུ་ཕྲེང་རིམ་བྱོན་རྣམ་པའི་སངས་རྒྱས་ཀྱི་བསྟན་པར་མཛད་རྗེས་རླབས་ཆེན་བསྐྱངས་ཡོད་སྐོར་གསུངས་པ་དང་འབྲེལ། ༸སྐྱབས་རྗེ་ཀུན་བདེ་གླིང་སྐུ་ཐོག་གོང་མ་དང་སྐུ་སྒེར་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། ཆོས་བརྒྱུད་རིས་སུ་མ་མཆིས་པར་གསན་བསམ་སློབ་གཉེར་མཛད་སའི་བརྒྱུད་པའི་བླ་མ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་བཀའ་སྩལ་ཡོད།

དམིགས་བསལ་སྐུ་མགྲོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས། བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཙོས་པའི་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་ལྟར་ང་ཚོས་དེ་ལྟར་གནང་དགོས་གལ་དང་། དེ་ལྟར་གནང་བའི་བརྒྱུད་བསྟན་འཛིན་གྱི་སྐྱེ་བོའི་རྣམ་པའི་རྗེས་དྲན་བྱ་དགོས་གལ་ཡིན་ཞིང་། ལྷག་པར་དུ་ད་ལྟའི་སྐུ་ཕྲེང་དེ་ཉིད་ཐོས་བསམ་སློབ་གཉེར་ཐད་བླ་བྲང་གི་ཐུགས་འགན་བཞེས་མཁན་ཡོངས་ནས་འབད་བརྩོན་གནང་དགོས་གལ་ཡིན་པའི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།

༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་ ༡༣ པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས། དགའ་ལྡན་ཁྲི་ཆེན་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། སྐུ་ཐོག་གོང་མ་རྣམ་པའི་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ལས་བསྐྱོན་པ་རྣམས་ཐུགས་དྲན་གསོ་མཛད་པ་དང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་སྨན་བཅོས་ལ་ཕེབས་ཏེ་ཀ་ལི་ཀ་ཏར་དགོསས་པ་རྫོགས་ཏེ། སྐུ་གདུང་དེ་ཉིད་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་ཞུགས་ཕུལ་གནང་ནས་སྐུ་རུས་བོད་དུ་གདན་ཞུས་ཀྱིས་ཀུན་བདེ་གླིང་གྲྭ་ཚང་གི་ནང་རྟེན་གྲལ་དུ་བཞུགས་ཡོད་ཤིང་། ཐེངས་འདིའི་དགོངས་རྫོགས་དེ་ཉིད་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་རྒྱུ་དེ་ནི་གནད་འགག་ཅིག་ཡིན་པ་སོགས་གསུངས་ཡོད།

དེ་བཞིན་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱིས། ༸སྐྱབས་རྗེ་ཀུན་བདེ་གླིང་གི་ད་ལྟའི་སྐུ་ཕྲེང་དེ་ཉིད་ཀྱི་ཡོངས་འཛིན་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་ལ་དྭགས་ཟངས་དཀར་ནས་ཡིན་པར་བརྟེན། ལ་དྭགས་དང་དམིགས་བསལ་གྱི་འབྲེལ་བ་ཆགས་ཀྱི་ཡོད་པ་སོགས་གསུངས་ཡོད།

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དགོངས་རྫོགས་རྗེས་དྲན་དང་འབྲེལ། ༸རྒྱལ་བའི་སྐུ་ཕྲེང་ན་རིམ་དང་འབྲེལ་བ་དམིགས་བསལ་ཐོག་རྒྱལ་ཚབ་ཀྱི་ཐུགས་འགན་ཡང་བཞེས་ཏེ། བོད་བསྟན་སྲིད་ཀྱི་དོན་དུ་མཛད་པ་རྒྱ་ཆེར་མཛད་ཡོད་ཅིང་། ད་ལྟའི་སྐུ་ཕྲེང་འདི་ཡང་མཁྱེན་རྒྱ་ཡངས་པར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་གཉན་འཕྲང་ཅན་གྱི་དུས་སྐབས་དེར་༸གོང་ས་མཆོག་གིས་ལམ་ལྟོན་བཞིན་སྐུ་ཐོག་གོང་མ་རྣམ་པའི་མཛད་རྗེས་འཕྲོ་སྐྱོང་ཡོང་བའི་སྨོན་འདུན་ཞུས་ཡོད།

གཞི་རྩའི་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་དང་པོ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་ལྔ་པ་རྗེ་ཙོང་པའི་དངོས་སློབ་སྙན་བརྒྱུད་བསྟན་པའི་མངའ་བདག་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༤༠༢ ལོར་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོར་སྐུ་འཁྲུངས། རིམ་བཞིན་༸རྗེ་ཡབ་སྲས་ཀྱི་ཞབས་ལ་གཏུགས་ནས་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པར་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ། གཙང་བ་སོར་སྒྲུབ་པ་ཉམས་ལེན་མཛད་པའི་ཉམས་རྟོགས་ཁྱད་པར་འཁྲུངས་པར་བརྟེན། བ་སོ་ཆོས་རྗེས་ཞེས་གྲགས། དེ་ནས་ཕྱི་ལོ་ ༡༤༦༣ ནས་ལོ་ངོ་བཅུ་གཅིག་རིང་དགའ་ལྡན་ཁྲི་ཐོག་དྲུག་པའི་ཐུགས་བཞེས་མཛད་དེ་མཐར་ཕྱི་ལོ་ ༡༤༧༣ ལོར་སྐུ་མྱ་ངན་ལས་འདས། རིམ་པའི་སྐུ་ཕྲེང་རིམ་བྱོན་གྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པའི་ཐོག ལྷག་པར་སྐུ་ཕྲེང་བརྒྱད་པ་དང་བཅུ་པ་གཉིས་ཀྱིས་རྒྱལ་ཚབ་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་སོགས། མདོར་ན་བོད་བསྟན་སྲིད་ཀྱི་དོན་དུ་མཛད་རྗེས་རླབས་པོ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།