Tibetan Royal Year of 2151 | Year of the Wood Dragon

ལག་ལེན་ངོ་མའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཚང་མས་འབད་བརྩོན་གནང་དགོས་པའི་ལམ་སྟོན་མཛད་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གཉིས་པའི་ཆོས་འབྲེལ་སྐབས།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་གི་སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་ཡང་།  འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་བསམ་བློ་གཏོང་བའི་རྣམ་དཔྱོད་ཞིག་ཡོད་སྟབས།  རྣམ་དཔྱོད་དེ་བེད་སྤྱོད་བྱས་ཏེ་སོ་སོའི་ཁོར་ཡུག་ཙམ་མིན་པར་རྒྱ་ཆེ་ས་ནས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་བསྐྲུན་ཐབས་ཀྱི་འབད་བརྩོན་གནང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།

སྔ་དྲོ་སེམས་སྐྱེད་ཀྱི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་མཛད་པའི་སྔོན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་ཁྱད་པར་ཅན་རྡོར་རྗེ་གདན་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་དད་ལྡན་ཆོས་ཞུ་འདུ་འཛོམས་བྱུང་བ་ཡོངས་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་ཀྱི་འབད་བརྩོན་བྱེད་དགོས་པ་དང་།   དེ་ཡང་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་དེ་མིག་རྒྱང་ཐུང་ཐུང་དང་བསམ་བློ་གུ་དོག་པོ་མ་ཡིན་པར་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་བསམ་བློ་དེ་དོར་ནས་མ་འོངས་པར་འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་ཐབས་ཀྱི་བསམ་བློ་གཏོང་དགོས་པའི་དུས་ལ་བབ་ཡོད་པའི་ལམ་སྟོན་མཛད་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་དུང་།   ཆོས་དད་ཡོད་མེད་ལ་ལྟོས་མེད་འཛམ་གླིང་ཞི་བདེ་ཞེས་པ་དེ་ཀུན་གྱི་འདོད་དོན་ཡིན་པར་བཀའ་སྩལ་དང་སྦྲགས།   འགྲོ་བ་མི་ཡོངས་རྫོགས་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་བཞིན་ཕན་ཚུན་བྱམས་བརྩེའི་བསླབ་བྱར་བསམ་བློ་གཏང་དགོས་པ་ལས་གོ་མཚོན་བེད་སྤྱོད་བྱ་རྒྱུ་མེད་པའི་ལམ་སྟོན་སྩལ་སོང་།

དེའི་རྗེས་དེ་རིང་གི་ཆོས་འབྲེལ་དངོས་གཞིར།  ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཐོག་བཀའ་ཆོས་བཀྲིན་སྩལ་ཏེ། བྱང་ཆུབ་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བར་ཉམས་ལེན་བྱ་རྒྱུ་ནི་ཚེ་སྒྲུབ་ཀྱི་མཆོག་ཡིན་ཞེས་བཀའ་སྩལ་སོང་།

མཛད་ཆར་ལྟར་ན་སང་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་སྩལ་གྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞེས་དང་བསྟུན། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས། དཔལ་ཞྭ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ། དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་གྱི་ཁོངས་གཏོགས་དད་ལྡན་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།