Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དུས་དབང་གསུང་ཆོས་ར་བར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་བ་དང་སྦྲགས། བྱང་ཆུབ་ཀྱི་སེམས་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཐོག ཉོན་མོངས་སྐྱོན་རྣམས་བཅོམ་དགོས་གལ་ཡིན་པ་སོགས་ལམ་སྟོན་་བཀའ་དྲིན་ཆེ་བ་སྩལ་སོང་།

དེ་རིང་༸གོང་ས་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དོངས་གཞི་དབུ་འཛུགས་སྐབས། མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་གཟུངས་སྔགས་དང་པོ་ཐོས་པ་དེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཡིན་པར་བཀའ་སྩལ་ཏེ། དེ་རིང་དེ་ལྟར་རྗེས་གནང་སྩལ་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པ་མ་ཟད། སངས་རྒྱས་པའི་ཇི་ལྟ་ཇི་སྙད་པའི་ཆོས་དེའང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་རྟོགས་དགོས་པའི་ལམ་སྟོན་དང་འབྲེལ། དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོ་དང་ལྷན་ཨ་ར་པ་ཙའི་ཕྲེང་སྐོར་གཉིས་ཙམ་གསུང་འདོན་གནང་ཡོད་པ་རེད།

ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་འདིར་འགྲོ་བ་རྣམས་ལ་ཕན་ཐོགས་གང་མཚམས་སྒྲུབ་ཐུབ་པ་དེའང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་གྲོགས་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་དེའང་ཤེས་རབ་ཀྱི་རྩིས་ཟིན་པའི་ཐོག ཉོན་མོངས་སྐྱོན་རྣམས་འཇོམ་དགོས་གལ་བཀའ་སྩལ་མཛད་པ་མ་ཟད། འཇམ་དབྱངས་ཀྱི་རྗེས་གནང་ཐོབ་པར་ཐོག་མ་སེམས་བསྐྱེད་བཟང་པོ་ཞིག་དགོས་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།

མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྗེས་གནང་གི་སྔོན་འགྲོར་བཀའ་སློབ་སྩལ་དོན་དུ། སངས་རྒྱས་ཀྱིས་རང་ཉིད་ལམ་ཉམས་ལེན་གྱིས་སྒྲིབ་པ་སྤངས་ནས་བྲལ་བའི་ཡོན་ཏན་ཐོབ་པའི་ལམ་སྟོན་དེ་གནད་འགག་ཆེན་པོ་ཡིན་པར་བརྟེན། འཇིག་རྟེན་བཀོད་པ་པོ་དང་རྟག་པ་རང་འབྱུང་གི་སྐྱེ་བུ་ལྟར་མིན་པར་བདག་ཉིད་བདག་གི་མགོན་ཞེས་གསུང་གི་ཡོད་པ་བཞིན། མ་འོངས་པ་ནི་སོ་སོའི་ལག་ཏུ་ཡོད་པ་རེད་ཅེས་བཀའ་སློབ་སྩལ་སོང་།

ཕྱོགས་མཚུངས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དགོས་གལ་ཡིན་ཞིང་། དེའི་བརྒྱུད་ནས་ལུས་སེམས་གཉིས་ཀར་འཕྲལ་ཕུགས་ཀྱི་ཕན་ཐོགས་ཡོད་སྟབས་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དང་། རང་གཞན་ཀུན་གྱི་དོན་གྲུབ་པའི་རྒྱུ་ཁྱད་པར་ཅན་ཞིག་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

གཞན་ཡང་དེ་རིང་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ གཟེངས་རྟགས་འབུལ་བཞེས་མཛད་སོང་བ་དང་། དེའི་སྐོར་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་སྟོན་པ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྐྱེ་འགྲོ་སྤྱི་དང། ལྷག་པར་བདག་ཅག་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཆེད་འཆི་མེད་ཚེ་ཡི་བུམ་པའི་ཁར། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྱག་མཚན་མཚོན་པའི་པདྨ་དཀར་པོ་དང་། ཕྱག་ཟུང་ཐལ་སྦྱར་ཐོག་ཤེལ་ཕྲེང་གིས་རྒྱན་པའི་རིན་ཆེན་རྣམ་གསུམ་ལས་གྲུབ་པའི་གཟེངས་རྟགས་འདི་འབུལ་ལམ་ཞུས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

གཞི་རྩའི་དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་དེ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་སྙིགས་མའི་མགོན་པོ་བཅོམ་ལྡན་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་འཛམ་གླིང་གདུང་བ་ཀུན་སེལ་གྱི་ལུང་ཡང་བཀའ་དྲིན་སྩལ་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་ཏེ། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞེས་དང་བསྟུན། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས། དཔལ་ཞྭ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ། དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་གྱི་ཁོངས་གཏོགས་དད་ལྡན་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།