Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་བོད་མི་ཚོར་གཉའ་གནོན་ཐད་སྙན་ཐོ་འདོན་སྤེལ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་སྒེར་དང་དྲྭ་ཐོག་སོགས་ཐབས་ཤེས་འདྲ་མིན་བརྒྱུད་གནོན་ཤུགས་འཇིགས་སྐུལ་བྱས་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧྲིལ་པོར་གནོད་སྐྱོན་དང་མ་འོངས་བོད་མིའི་ལས་འགུལ་ལ་བར་ཆད་གཏོང་ཐབས་བྱེད་ཀྱི་ཡོད་པ་སོགས་བཀོད་འདུག   

ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Press Club of India ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་ཏེ། བོད་མིའི་ཐོག་གཉའ་གནོན་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་།   སྙན་ཐོ་དེ་ནི་རྒྱ་ནག་གཞུང་གི་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་ཚོར་རྣམ་པ་འདྲ་མིན་གྱི་ཐོག་ནས་གཉའ་གནོན་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་པའི་བདེན་དཔང་ཞིབ་འཇུག་གིས་ཚིག་ཐོ་ཕྱོགས་སྒྲིག་གནང་བ་ཞིག་རེད་འདུག 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས།   རྒྱ་གཞུང་གིས་གཞིས་བྱེས་བོད་མི་བར་གྱི་འབྲེལ་བ་དེ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། ལྷག་པར་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་དང་འཐབ་རྩོད་པའི་དབར་གསང་ཉུལ་སོགས་བེད་སྤྱོད་བྱས་པའི་བརྒྱུད་གནོད་སྐྱོན་གཏོང་ཐབས།  བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་པ་ཁག་གཅིག་གི་ཕ་མ་སྤུན་མཆེད་རྣམས་བོད་དུ་ཡོད་སྟབས། དེ་དག་ལ་གནོན་ཤུགས་འདྲ་མིན་སྤྲད་དེ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནུས་མེད་བཟོ་ཐབས།  དེ་བཞིན་གཞིས་བཞུགས་བོད་མིར་འཇིགས་སྐུལ་དང་གནོན་ཤུགས་སྤྲད་དེ་རྒྱལ་སྤྱིའི་ནང་བོད་མིའི་འཐབ་རྩོད་ནུས་མེད་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ད་རེས་སྙན་ཐོ་དེ་ནི་རྒྱལ་ཁབ་ཁག་བཅུ་ལྷག་གི་ནང་བཙན་བྱོལ་བོད་མི་བརྒྱ་ཙམ་དངོས་སུ་ཐུགས་འཕྲད་ཀྱིས་དགོངས་ཚུལ་བཅའ་འདྲི་ཞུས་པའི་བདེན་དཔང་ཞིབ་འཇུག་གི་ཚིག་ཐོ་ཞིག་ཡིན་པ་དང་།   ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚོས་སྙན་ཐོ་དེའི་ཐོག་འདས་པའི་ལོ་གཅིག་དང་ཕྱིད་ཀའི་རིང་ཕྱག་ལས་གནང་ཡོད་ཅིང་།  དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བཙན་བྱོལ་བོད་མི་རྣམས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཆེས་མཐོང་ལ་གནོད་གཞི་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ།  ལྷག་པར་ལོ་རབས་བརྒྱ་ཅུ་ནས་བཟུང་རྒྱ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་སྤྱིའི་མཛད་འཕྲིན་ཁག་ལ་གང་ཐུབ་ཀྱི་བཀག་འགོག་ཡོང་ཐབས་སོགས་འཁོད་འདུག

ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚམས་བརྒལ་བའི་གཉའ་གནོན་བྱེད་པའི་བྱ་སྤྱོད་དེ་གསར་པ་གང་ཡང་མིན་པར་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་ཟིན་ཡང་།   ཞི་ཅིན་ཕིང་སྲིད་འཛིན་དུ་སླེབས་རྗེས་ཕྱི་ལོ་ ༢༠༡༤ ནས་  ༢༠༡༦ བར་ལས་འགུལ་ཧ་ཅང་ཤུགས་ཆེ་རུ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད།  འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས།    ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་བོད་མི་ཚོས་རྒྱ་ནག་གི་གཉའ་གནོན་དེ་དག་རྒྱུན་ལྡན་ལྟ་བུར་རྩིས་ཏེ་སྣང་མེད་དུ་འཇོག་མི་རུང་བར།  རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་བོད་མིའི་བདེ་འཇགས་ལ་འཐུས་ཚང་གི་སྲུང་སྐྱོབ་གནང་དགོས་ཤིང་། དེ་ནི་རྒྱལ་ཁབ་སོ་སོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ཡང་ཡིན་བཅས་གསུངས་སོང་།

ལྷག་དོན་ཨོསྟྲེ་ལི་ཡ་ནས་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། སྙན་ཐོའི་ནང་དོན་དང་འབྲེལ་དྲ་རྒྱའི་བརྒྱུད་ཐད་ཀར་བཀའ་མོལ་གནང་ཡོད་པ་མ་ཟད།  FNVA རྒྱ་དཀར་ནག་དང་བོད་བཅས་ཀྱི་བདེ་འཇགས་དང་འབྲེལ་བའི་འཚེ་མེད་ཞི་བའི་ཐེབས་རྩའི་ཚོགས་མི་ལྕམ་སྐུ་ Rebon Banerjee ལགས་ཀྱིས་ཀྱང་བཀའ་མོལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།