Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཁག་ཅིག་ ITBP མཐུན་འགྱུར་འོག་ཤེས་ཡོན་ལྟ་སྐོར་གནང་བཞིན་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

Indo-Tibetan Border Police (ITBP) ཞེས་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་གོ་སྒྲིག་འོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཁག་ཅིག་ཁ་སང་ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་གི་རིང་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཡུལ་ཁག་ཏུ་ཤེས་ཡོན་སྐོར་བསྐྱོད་གནང་བཞིན་འདུག

Photograph : ITBP Ladakh

ཁ་སང་ Bharat Darshan ཞེས་རྒྱ་གར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་དབུ་འཛུགས་མ་གནང་གོང་ཁ་སྔོན་ཕྱི་ཚེས་ ༣ ཉིན་ ITBP འཕགས་བོད་ས་མཚམས་ཉེན་རྟོག་པའི་རུ་ཤོག་ཨང་ ༥ པའི་ནང་དེ་འབྲེལ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ Mr. Clay Khongsai, IPS Inspector General, North West frontier, ITBP Ladakh དང་། Mr. P.K. Sherivastova, Sector DIG IDBP Ladakh དེ་བཞིན་ Mr. Arjun Sing Nagi, CO of 5th Bn ITBP Ladakh བཅས་དམག་དཔོན་ཁག་ཅིག་ཕེབས་ཏེ་གསུང་བཤད་གནང་བའི་ཁྲོད། ལས་འགུལ་དེ་ནི་རྒྱ་གར་གྱི་ས་མཚམས་ཁུལ་དུ་གནས་པའི་སློབ་ཕྲུག་རྣམས་ལ་རྒྱ་གར་མངའ་སྡེ་གཞན་གྱི་རིག་གཞུང་རྣམས་ངོ་སྤྲོད་བརྒྱུད་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། མཐུན་ལམ་དང་མཉམ་ལས་ཀྱི་ནུས་རྩལ་གོང་མཐོར་སླད་སྦྱོང་བརྡར་སྤྲོད་ཐབས། ལྷག་པར་དུ་རྒྱ་གར་གྱི་བདེ་སྲུང་དཔུང་དམག་དང་མང་ཚོགས་བར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ཏེ་ལྟ་སྐོར་དེ་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་སྐོར་ངོ་སྤྲོད་དང་སྦྲགས། སློབ་ཕྲུག་ཚོས་ངོས་ནས་ལྟ་སྐོར་ཁྲོད་སློབ་སྦྱོང་ཡག་པོ་སྦྱང་དགོས་གལ་ཙམ་མ་ཟད། ད་ཐེངས་སློབ་མ་རྣམས་ནང་པ་ཡིན་དུས་ནང་པའི་གནས་མཆོག་ཁག་ལ་ཤེས་ཡོན་ལྟ་སྐོར་གོ་སྒྲིག་ཞུས་ཡོད་སྐོར་ནན་བརྗོད་ཀྱིས་དགའ་ཚོར་ཆེན་པོ་བྱུང་ཡོད་པ་གསུངས་འདུག

རྩ་བའི་ལ་དྭགས་བོད་ཕྲུག་ཁྱིམ་སྡེ་ལ་ད་ཐེངས་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་རྒྱ་གར་སྐོར་བསྐྱོད་ཀྱི་ལས་འགུལ་མཐུན་འགྱུར་འོག་ཤེས་ཡོན་ལྟ་སྐོར་གྱི་གོ་སྐབས་ཐོབ་པ་ཐེངས་དང་པོ་དེ་ཆགས་ཀྱི་འདུག་པ་དང་། དེའི་ནང་འཛིན་རིམ་ལྔ་པ་ནས་དགུ་པ་བར་ཁྱོན་སློབ་ཕྲུག་ ༢༦ དང་དགེ་རྒན་ ༢ འཕགས་བོད་ས་མཚམས་ཉེན་རྟོག་པའི་དཔོན་པོ་ ༡ དང་ཉེན་རྟོག་པ་ ༡ བཅས་ཁྱོན་མི་གྲངས་ ༣༠ ཙམ་མཉམ་ཞུགས་གནང་འདུག ལྟ་སྐོར་ཁྲོད་རྒྱ་གར་གྱི་ལྡི་ལི་དང་གནས་མཆོག་རྡོ་རྗེ་གདན་དང་སཱ་རཱ་ན་ཐ་ཝཱ་རཱ་ཎ་སཱི་བཅས་སྦི་ཧར་དང་ཡུ་པི་མངའ་སྡེའི་གནས་ཆེན་ཁག་ལ་སྐོར་བསྐྱོད་གནང་གི་ཡོད་པ་ལྟར་ད་ལྟའི་ཆར་ཁོང་རྣམས་གནས་ཕྱོགས་རྡོ་རྗེ་གདན་ཁུལ་དུ་སྐོར་བསྐྱོད་གནང་བཞིན་འདུག

འདི་ག་རླུང་འཕྲིན་ཁང་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་ཚེ་རིང་དབང་ཕྱུག་ལགས་སུ་གནད་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས། ཐེངས་འདིའི་ཤེས་ཡོན་ལྟ་སྐོར་གྱི་གོ་སྐབས་འདི་ ITBP འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་ནང་ཡོད་པའི་ལ་དྭགས་བོད་ཁྱིམ་གྱི་སློབ་ཟུར་ཅིག་གི་བརྒྱུད་ནས་གོ་སྐབས་དེ་ཐོབ་པ་ཞིག་ཡིན་པ་ངོ་སྤྲོད་དང་སྦྲགས། ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་ཁྲོད་ནས་སློབ་མ་རྣམས་སྤྱི་ཚོགས་གཞན་གྱི་གོ་རྟོགས་དང་ཉམས་མྱོང་། དེ་བཞིན་མཐོང་རྒྱ་ཐོས་རྒྱ་ཡག་པོ་ཡོང་གི་ཡོད་པར་བརྟེན། སློབ་གྲྭའི་ངོས་ནས་ལས་འགུལ་དེ་རྩ་ཆེན་པོ་ཞིག་ལ་ངོས་འཛིན་གྱི་དེ་འབྲེལ་ལས་འགུལ་གང་མང་སྤེལ་གྱི་ཡོད་ཅེས་གསུངས་སོང་།

ལྷག་པར་དུ་ཁོང་གིས་ལ་དྭགས་བོད་ཁྱིམ་དུ་སློབ་མའི་གྲངས་འབོར་ཧ་ཅང་འཕར་ཆགས་ཀྱི་གནས་སྟངས་དེ་ཙམ་གྱི་དཀའ་ངལ་མེད་སྟབས་ད་ལྟའི་ཆར་སློབ་མ་ཁྱོན་ ༡༦༠༠ ལྷག་ཡོད་པ་འགྲེལ་བརྗོད་ཙམ་མ་ཟད། ད་ཐེངས་དེ་ལྟ་བུའི་གོ་སྐབས་ཐོབ་པར་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་ལ་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག དེ་འབྲེལ་ཉེན་རྟོག་རུ་དཔོན་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་བྱུང་བ་སོགས་འགྲེལ་བརྗོད་གནང་སོང་།

གཞི་རྩའི་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་ལས་འགུལ་དེའི་ཁྲོད་དེ་སྔོན་བྱང་ཐང་མཚོན་པའི་ལ་དྭགས་ཀྱི་ས་ཁུལ་འདྲ་མིན་གྱི་སློབ་ཕྲུག་ཚོར་དེ་མཚུངས་ཀྱི་གོ་སྐབས་གནང་དང་གནང་བཞིན་ཡོད་པ་རེད།

པར་དབང་། ITBP དང་རྒན་ཚེ་རིང་དབང་ཕྱུག

འབྲེལ་ཡོད་གསར་གནས།

གསར་གནས།