Tibetan Royal Year of 2151 | Year of the Wood Dragon

ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གིས་སྡེ་དགེ་མང་ཚོགས་ལ་ཐུགས་སྨོན་མཛད་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དཔལ་ས་སྐྱ་༸གོང་མ་༸སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་སྡེ་དགེ་མང་ཚོགས་རྣམས་ལ་རིན་པོ་ཆེ་གང་ཉིད་གཞན་ཡུལ་དུ་ཡོད་ཀྱང་། ཐུགས་སེམས་དེ་གའི་མང་ཚོགས་དང་དུས་སྐད་གཅིག་ཙམ་ཡང་འབྲལ་ཐབས་མེད་ཅེས་བཀའ་སྩལ་འདུག

ཟླ་བ་སྔ་མའི་ཕྱི་ཚེས་ ༡༤ ནས་བཟུང་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞིའི་མིང་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་གཏོར་བཤིག་དང་།  མི་མང་སྟོང་ཕྲག་མང་པོ་གནས་སྤོ་བྱ་རྒྱུའི་བཙན་བཀར་ས་གནས་མང་ཚོགས་ཀྱིས་ཞི་རྒོལ་རིམ་པ་གནང་སྟེ། ད་ལྟའི་འཆར་ས་གནས་སུ་གནས་ཚུལ་ཛ་དྲག་ཡོད་པའི་ཁྲོད་འདིར། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ས་གནས་མང་ཚོགས་སླད་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ནས་ཡང་ཡང་བཀའ་གནང་གི་ཡོད་པ་བཞིན།  ངའི་གཟུགས་པོ་མིའི་ལུང་པར་ཇི་ཙམ་གནས་པ་ཡིན་ནའང་། སེམས་པ་ཁྱེད་རྣམ་པ་དང་དུས་སྐད་ཅིག་ཙམ་ཡང་འབྲལ་ཐབས་མེད་ཅེས་བཀའ་སྩལ་བ་མ་ཟད།  ད་ལམ་གྱི་གནད་དོན་དེའི་ཐོག་ལ་བསམ་དོན་ཐམས་ཅད་ཞི་མཐུན་བདེ་ལེགས་ངང་ནས་འགྲུབ་ཐུབ་པའི་ཕྱིར་མཆོག་གསུམ་སླུ་བ་མེད་པར་གསོལ་འདེབས་དང་དམ་ཅན་ཆོས་སྐྱོིང་སྲུང་མར་འཕྲིན་བསྐུལ་རྒྱུན་བསྲིངས་གནང་མུས་ཡིན་བཀའ་སྩལ་འདུག

གཡས་པ་ཐང་ཆུ་མཛོད་བརྒྱབས་ནས་དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་གྱི་གནས་སྤོ་གྲོང་གསར། པར་ཁུངས། ཁམས་པའི་དྲྭ་བ།

སྤྱིར་སྡེ་དགེ་ཁུལ་དུ་ད་ལྟའི་འཆར་རྒྱ་ནག་གཞུང་གིས་དྲག་གནོན་འོག་ཚུ་མཛོད་ཀྱི་ལས་གཞིར་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་རིགས་ལམ་སེང་ནག་སུབ་བཏོང་མ་ཟད། ཡུལ་དངོས་ཀྱི་དྲྭ་རྒྱ་བཀག་ཟིན་པའི་རྐྱེན་གྱིས་ས་གནས་ས་ཐོག་གི་གནས་ཚུལ་ཐོབ་དཀའ་བའི་ཁྲོད། དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་འདོན་སྤེལ་གནང་བའི་ནང་།  ད་ལན་སྡེ་དགེའི་ས་གནས་བོད་མི་ཚོས་ཞུ་འབོད་བྱས་པའི་རྐྱེན་གྱིས་གནས་ཚུལ་མངོན་གསལ་དོད་པོར་གྱུར་བ་མ་གཏོགས་རྒྱ་ནག་གཞུང་གིས་ཉེ་ལམ་གཡས་པ་ཐང་ཆུ་གློག་དང་བཤོལ་བ་ལུང་ཆུ་གློག་སོགས་འཛུགས་སྐབས་ཀྱང་འཇོ་མདའ་རྫོང་དང་། དཔལ་ཡུལ་རྫོང་སོགས་ནས་དམངས་ཚོགས་སྟོང་ཕྲག་མང་པོ་བཙན་དབང་གིས་དྲྭ་མིག་དོ་དམ་ཅན་གྱི་གྲོང་ཚོ་གསར་པར་གཞིས་སྤོས་བཅུག་ཡོད་པ་གསལ་འདོན་གནང་འདུག ལྷག་པར་དེ་ལྟ་བུའི་ལས་གཞིའི་ཁྲོད་དམངས་ཚོགས་དཀྱུས་མའི་འཚོ་རྟེན་ཡོངས་སུ་བཅོམ་པ་མ་ཟད། ཤུལ་བཞག་རིག་གནས་རྩ་ཆེན་ཁག་ཀྱང་གཏོར་བརླག་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་སྣོད་བཅུད་གཉིས་ཀྱི་བདེ་འཇགས་ལ་འགན་མ་ཁུར་བའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག

གཡས་པ་ཐང་ཆུ་མཛོད་ལས་གཞི་འགྲོ་བཞིན་པ། (༢༠༢༣ ཟླ་ ༣)

ད་དུང་སྡེ་དགེ་ནང་གི་ཆུ་མཛོད་ཀྱི་ལས་གཞི་དེ་ནི། རྒྱ་ནག་གཞུང་གི་ཤར་ཕྱོགས་ཀྱི་བཟོ་ལས་གྲོང་ཁྱེར་ཁག་གི་གློག་གི་དགོས་མཁོ་གཙོ་བོར་དམིགས་པའི་ West-East Power Transmission Programme ཞེས་ནུབ་གློག་ཤར་འདྲེན་གྱི་ལས་གཞིའི་ཆ་ཤས་ཞིག་ཡིན་པ་མངོན་གསལ་གནང་འདུག་པ་དང་། འབྲི་ཆུའི་སྟོད་རྒྱུད་བོད་ཀྱི་ས་ཐོག་ཏུ་ད་ཆ་ཆུ་མཛོད་ ༡༣ དང་། དེའི་ཁྲོད་ ༦ ནི་ཆུ་མཛོད་ཆེ་གྲས་ཡིན་པར་གློག་འདོན་ནུས་ཤུགས་ Million Kilowatt ཝཊ་ས་ཡ་ལྷག་ཡིན་པ་མ་ཟད། དེ་དག་ཕལ་ཆེ་བའི་འཛུགས་སྐུན་གྱི་ལས་གཞི་དངོས་དེ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་སྐབས་སུ་འགོ་བཙུགས་ཀྱི་ད་ཆ་རྒྱུན་སྐྱོང་བཞིན་པའི་ལས་གཞི་ཡིན་པ་ཐེར་འདོན་གནང་འདུག

ལྷག་བ་ཆུ་མཛོད་ཀྱི་ལས་གཞི་འགྲོ་བཞིན་པ། (༢༠༢༡ ཟླ ༡༢) པར་ཁུངས། ཁམས་པའི་དྲྭ་བ།

ལྷག་པར་དེ་སྔོན་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བས་ཡུལ་ཕུད་དམ་གནས་སྤོའི་ལས་གཞི་ཇེ་ཤུགས་ཆེ་རུ་བཏང་སྟེ། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དང་སྨར་ཁམས་རྫོང་སོགས་ཀྱི་ཁོངས་གཏོགས་འབྲི་ཆུའི་སྟོད་རྒྱུད་རྒོད་པོ་ཡུལ་ཚོ་དང་། གླང་སྨད། གསེར་གདོང་སོགས་ནས་མང་ཚོགས་ ༡༡༦༠༠ ཙམ་ཞིག་བོད་གཞི་ཀ་རྩེ་དང་ལྷོ་ཁ། ལྷ་ས། ཉིང་ཁྲི་བཅས་སུ་དྲྭ་མིག་དོ་དམ་ཅན་གྱི་གྲོང་ཚོ་ཁག་ལ་བགོ་འགྲེམས་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག

འཛུགས་སྐྲུན་བྱེད་བཞིན་པའི་ཞོལ་ལུང་ཆུ་གློག་ས་ཚུགས། (༢༠༢༣ ཟླ་ ༡༡ )པར་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲྭ་བ།

གཞི་རྩའི་དེ་སྔོན་འབྲི་ཆུ་སྟོད་རྒྱུད་དུ་ཐེངས་གཉིས་ཙམ་རི་ཉིལ་ཏེ། འབྲི་ཆུའི་བཞུར་རྒྱུན་འགག་པ་དང་འབྲེལ། སྐབས་དེར་མང་ཚོགས་བརྒྱ་ཕྲག་དུ་མ་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་པ་མ་ཟད། ༢༠༢༠ ལོར་འབྲི་ཆུ་སྟོད་རྒྱུད་ནི་ཆུ་ལོག་ཉེན་ཁ་ཅན་གྱི་ས་ཚིགས་ཨང་གསུམ་པ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་བསྒྲགས་ཡོད་སྟབས། ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ཀྱི་གནོད་བཅུད་གཉིས་ལ་ཤེས་བཞིན་དུ་བདེ་འཇགས་ཀྱི་ལས་འགན་ཁུར་གྱི་མེད་པའི་ཁར་དཔལ་འབྱོར་གྱི་དགོས་མཁོ་ཆེད་དུ་ཆུ་མཛོད་ཀྱི་ལས་གཞི་དེ་དག་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་། གདོད་མའི་མི་རྒྱུད་སྲུང་སྐྱོབ་ཀྱི་སྤྱི་ཆིངས། ཤུལ་བཞག་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ཁྲིམས་ཡིག་དང་ཡོངས་སུ་འགལ་གྱི་ཡོད་པར་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

པར་དང་མཆན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།