ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་གསལ་བསྒྲགས།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས། ཕྱི་ལོ་ ༢༠༢༥།༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བ་དང་འབྲེལ། སྲིད་སྐྱོང་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་འདི་བཞིན་ཕྱི་ཟླ་ ༢ ཚེས་ ༡ ཉིན་གནང་རྒྱུ་དང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞི་འོས་བསྡུ་གནང་རྒྱུ་ཡིན་པ་མ་ཟད།   སང་ཕྱི་ཚེས་ ༨ ནས་བོད་མི་གནས་སྡོད་ས་ཕྱོགས་གང་སར། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླད་དུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་འགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།

དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡི་ཤེས་ལགས་དང་། འགན་འཛིན་ལས་འཕར་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས། དེ་བཞིན་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བ་དང་འབྲེལ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ པ་ནང་གསལ་ ༼་་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས།༽ ཞེས་གསལ་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཞུ་ཕྱོགས་ཐད། སྒྲིག་སྲོལ་བཞིན་སྲིད་སྐྱོང་གི་སྔོན་འགྲོའི་འོས་ཐོབ་ཁོངས་ནས་ཨང་རིམ་རྩེ་བཏོགས་ཀྱིས་དངོས་གཞིའི་འོས་དམིགས་སུ་འོས་གཞི་གཉིས་འདོན་རྒྱུའི་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་ཞུས་ཡོད་པ་གསུངས་སོང་།

དེ་བཞིན་ཕྱི་ལོ་ ༢༠༢༥།༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ རེས་གཟའ་ཉི་མ་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ས་གནས་སོ་སོའི་དུས་རིམ་ས་ཁུལ་ Time-zone ལ་གཞིགས་པས་ཉིན་རྒྱབ་དུས་གཅིག་ལ་བྱ་རྒྱུའི་དུས་ཚེས་གཏན་འཁེལ་ཞུས་ཡོད་པ་གསུངས་སོང་།

མ་ཟད་ཕྱི་ཟླ་ ༥ པའི་ཚེས་ ༡༣ ཉིན་འདེམས་ཐོན་སྲིད་སྐྱོང་དང་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་གནང་རྒྱུ་དང་། ཕྱི་ཟླ་ ༥ པའི་ཚེས་ ༡༤ ཉིན་དོ་བདག་སོ་སོར་བཀོད་རྒྱ་གཏོང་རྒྱུ་དང་སྒྲིག་གསལ་བཅས་གནང་བའི་རྗེས་སུ། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་སྐབས་ ༡༨ པའི་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་སོགས་གསལ་བསྒྲགས་གནང་སོང་།

དབུས་འོས་བསྡུ་ལས་ཁང་ངོས་ནས་དུ་དུང་། སང་ཉིན་ཏེ། ཕྱི་ཟླ་ ༡༠ ཚེས་ ༨ ནས་བོད་མི་གནས་སྡོད་ས་ཕྱོགས་གང་སར། ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སླད་དུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་དབུ་འཛུགས་གནང་རྒྱུ་ཡིན་པ་ལྟར།  ཟླ་བ་རྗེས་མའི་ཕྱི་ཚེས་  ༨ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་པར་མཇུག་སྒྲིལ་དགོས་པ་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༤ ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༣ བར་བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་རིགས་རྣམས་མིང་གཞུང་དེབ་འགོད་ཆོག་པ་དང་།  ལྷག་པར་དང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གཙང་འབུལ་ཟིན་པ་དགོས་པ། དེ་བཞིན་འོས་བསྡུའི་ཐོབ་ཐང་ལེན་པར་ས་གནས་གང་དུ་ཕེབས་ཀྱང་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས་པ་ནི་གནད་ཀྱི་སྙིང་པོ་ཡིན་པ་དང་ཆབས་ཅིག དབུས་འོས་བསྡུའི་འགན་འཛིན་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་དང་བསྟུན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གཙོ་བོར་གྱུར་བའི་ཐོག་འོས་བསྡུ་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་དོན་ཚན་ ༡༤ ཅན་ཞིག་ཀྱང་ཟུར་དུ་གཏན་འབེབས་ཞུས་ཡོད་པས་རྒྱ་ཆེ་མང་ཚོགས་ནས་གལ་ཆེ་དོན་ཆེན་ཐོག་ཐུགས་སྣང་ངེས་པར་གནང་དགོས་པའི་སྐུལ་མ་གནང་སོང་།

དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་པས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་དང་། དེའི་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གསལ་བསྒྲགས་གནང་བའི་ནང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཡིག་ཆའི་སྟེང་༸གོང་ས་མཆོག་གི་སྐུ་པར་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་ཀྱི་ས་བཀྲ་སོགས་གང་བྱུང་བེད་སྤྱོད་མི་ཆོག་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ལ་སྙིང་ནས་བརྩི་བཀུར་ཐོག དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་གཏན་འབེབས་བྱེད་སྒོ་ལམ་སྟོན་ཁག་ལ་ཤར་བསྐྱོད་ཐུབ་པ་དགོས་གལ། འོས་གཞིར་ཞུགས་མཁན་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་དང་འགལ་ཏེ། གང་ཟག་སྒེར་གྱི་མི་གཤིས་སོགས་ལ་སྐྱོན་བརྗོད་དང་། ནང་ཁུལ་འཆམ་མཐུན་ལ་གནོད་འཚབ་དང་འགལ་ཟླར་འགྱུར་གཞིའི་རིགས། རིགས་རུས། ཆོས་ལུགས། ཆོལ་ཁ་ནང་ཕན་ཚུན་མི་མཐུན་པ་འགྱུར་གཞི། ལུང་ཚན་འཐེན་ཁྱེར། དངུལ་དངོས་ལྐོག་རྔན་སྤྲོད་ལེན་དང་། བརྒྱུད་སྐུལ་ཐབས་ཤེས་རིགས་ནམ་ཡང་མི་ཆོག  འོས་འཕེན་པ་སྒེར་གྱི་རང་ཆས་སུ་མངའ་བའི་གཞི་རིམ་ཐོབ་ཐང་ཁག་ལ་བརྩི་སྲུང་ངེས་པར་བྱ་དགོས། འོས་གཞི་སྐྱེ་བོ་སུའི་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་དང་ཡིག་ཆ་འགྲེམས་སྤེལ་རིགས་བྱེད་མི་ཆོག  དེ་བཞིན་འོས་གཞིར་བཞེངས་མཁན་རྣམས་ནས་གནས་ཡུལ་སོ་སོའི་ཡུལ་ཁྲིམས་ལ་བརྩི་སྲུང་དང་། ལྷག་པར་འོས་གཞིར་བཞེངས་མཁན་དང་དེ་འབྲེལ་རྒྱབ་སྐྱོར་བ་སུས་ཀྱང་འོས་གཞིར་བཞེངས་མཁན་གཞན་གྱི་ཚོགས་འདུ་འཚོག་བཞིན་པར་འགོག་རྐྱེན་བཟོ་ཆོག་གི་མེད་པ་གསུངས་སོང་།

མ་ཟད་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༧ པ་ནང་གསལ་ཆོལ་གསུམ་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་བཅས་སུའི་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེར་ས་གནས་གང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་གཏན་ནས་མི་ཆོག་པ་དང་། སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང་། ལྡེབ་ཤོག གྱང་སྦྱར་པར་རིས་གསལ་བསྒྲགས་སོགས་འགྲེམས་སྤེལ་དང་། པར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་བཀོད་དགོས་པ། སྒྲིག་གསལ་སློབ་གྲྭ་ཁག་གི་ནང་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུའི་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམ་སྤེལ་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག་པ། དེང་སྐབས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ། རྫུན་གཏམ་ཁྱབ་སྤེལ། གཞན་བརྒྱུད་གཏམ་འཆལ་སོགས་ཀྱི་དཀའ་ངལ་དུ་མ་ཡོད་མུས་བཞིན། འོས་གཞིར་བཞེངས་མཁན་རྣམས་ནས་ཧ་ཅང་ཉེན་འཚབ་ཆེ་བའི་ཁོར་ཡུག་ནང་མི་ཚུད་པ་ཕྱོགས་ཡོངས་ནས་ཐུགས་གཟབ་གནང་དགོས་པ་སོགས་ཀྱི་དོན་ཚན་འཁོད་འདུག

Election Commission
Election Commission

དེ་བཞིན་འོས་གཞིར་ཞུགས་མཁན་རྣམས་ས་གནས་ཁག་ནང་དྲིལ་བསྒྲགས་གཏམ་བཤད་སོགས་ཀྱི་སླད་མི་མང་བསྡུ་བསྐོང་གིས་དྲིལ་བསྒྲགས་དང་། གསར་འགོད་གསལ་བསྒྲགས། ཡིག་འགྲེམས་སོགས་ཀྱི་ཞུ་འཆར་གྱི་གནད་དོན་རྣམས་ས་གནས་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སྙན་གསན་ངེས་པར་ཞུ་དགོས་པ་དང་ཆབས་ཅིག སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་དང་། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་སུའི་ཐད་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་དྲིལ་བསྒྲགས་བྱ་འཐུས་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༧ པའི་ཁ་པ་ནང་གསལ། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས། ཞེས་གསལ་བ་ལྟར་དང་། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག་པ། ལྷག་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་བཅུ་དྲུག་ནང་གསེས་ ༥ ནང་གསལ། ས་གནས་སོ་སོའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པས། འོས་གཞི་སྐྱེས་བོའམ་ཕྱོགས་གཏོགས་པ་ནས་ས་གནས་སུ་རྩོད་རྙོག་ཇི་བྱུང་ས་གནས་འོས་བསྡུ་འགན་འཛིན་ལ་ཞུ་གཏུགས་དགོས་རྒྱུ་ལས་དབུས་སུ་ཐད་འབུལ་མི་ཆོག ས་གནས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག་པ་དང་།   གོང་གསལ་དོན་ཚན་གང་རུང་དང་འགལ་བ་དངོས་ར་འཕྲོད་པ་བྱུང་ཚེ། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ འབྲུ་དོན་འོག་དབུས་འོས་བསྡུ་འགལ་ཚབས་ལ་གཞིགས་ཏེ། སྒྲིག་དོན་ཉེས་ཆད་འགེལ་རྒྱུ་བཅས་ཀྱི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་གསལ་བསྒྲགས་གནང་སོང་།

ཕྱོགས་མཚུངས་གསར་འགོད་པའི་ལས་འདེབས་ཁྲོད། དེ་སྔ་ཕྱི་ལོ་ ༢༠༡༦ དང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་ད་ཐེངས་ཀྱི་འོས་བསྡུ་ལས་རིམ་བར་ཁྱད་པར། ལྷག་པར་ད་ལན་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་ཞུགས་མཁན་གཙོ་བོ་དང་། རྒྱ་ཆེ་མང་ཚོགས་ནས་འོས་འཕེན་པའི་གནས་སྟངས་དང་འབྲེལ། འོས་བསྡུ་སྒྲིག་གཞི་གསར་པ་ཇི་སླེབས་ཡོད་མེད་སོགས་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས།  དེ་སྔ་དང་ད་ལན་གྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲིག་སྲོལ་བར་དམིགས་གསལ་ཁྱད་པར་ཆེན་པོ་མེད་པ་དེ་ལྟར་ཡང་། དེང་སྐབས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ། རྫུན་གཏམ་ཁྱབ་སྤེལ། གཞན་བརྒྱུད་གཏམ་འཆལ་སོགས་ཀྱི་དཀའ་ངལ་དུ་མ་ཡོད་མུས་བཞིན། དབུས་འོས་བསྡུ་ལས་ཁང་ངོས་ནས་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༦ ཉིན་ས་གནས་འོས་བསྡུ་འགན་འཛིན་རྣམ་པར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ་དང་། ཕྱོགས་མཚུངས་དབུས་ནས་འོས་བསྡུའི་འགན་འཛིན་གསུམ་ས་གནས་སུ་ཆེད་བཅར་གྱིས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༥།༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོ་འདི་བཞིན་དྲང་བདེན་དང་། ཕྱི་གསལ་ནང་གསལ། རང་དབང་བཅས་ཀྱི་ངང་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།  

གཞི་རྩའི་ཕྱི་ལོ་ ༢༠༢༥།༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འབོད་སྒྲ་ནི། ༼ང་བོད་ཡིན། ངས་བོད་ལ་འོས་འཕེན་༽ཞེས་པ་དེ་ཡིན་པ་དང་། ཐེངས་འདིའི་འོས་བསྡུ་ཁྲོད་དེ་སྔོན་དང་མ་འདྲ་བར་ཟླ་བ་བརྒྱད་ནང་ཚུད་སྔོན་འགྲོ་དང་དངོས་གཞི་འོས་བསྡུ་ལས་རིམ་ཡོངས་རྫོགས་མཇུག་སྒྲིལ་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།