༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཐུགས་དམ་བཞུགས་མུས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཞྭ་དཀར་གཡུང་དྲུང་བོན་གྱི་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་ ༡༢ ཉིན་དགུང་གྲངས་ ༡༠༡ ཐོག་དགོངས་པ་བོན་དབྱིངས་སུ་གཤེགས་ཏེ། ཐུགས་དམ་གཡོ་མེད་ངང་ཚུལ་དུ་བཞུགས་བཞིན་ཡོད་པ་དང་། གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དབུས་པའི་དགོན་སྡེ་ཁག་དང་མང་ཚོགས་ནས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་གནང་བཞིན་པ་མ་ཟད། བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་ཐུགས་གསོའི་གསུང་འཕྲིན་ཕེབས་འདུག

དེ་ཡང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་འདུས་མང་ཡོངས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ལོ་ཕྱི་ཟླ་ ༤ ཚེས་ ༢༦ ནས་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུའི་སྙུང་གཞི་བཞེས་པར་སྨན་བཅོས་རིམ་པ་ཇི་ལྟར་ཞུས་ཀྱང་དགུང་ལོའི་བབས་ཀྱི་ཕན་པ་ཆེར་མ་བྱུང་བར་བརྟེན། བོད་རབ་གནས་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་ ༡༦ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སྔ་དྲོ་ཕྱག་ཚོད་ ༧།༤༥ སྟེང་བལ་ཡུལ་དུ་༸སྐྱབས་རྗེ་མཆོག་གིས་ཕྱག་བཏབ་མཛད་པའི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཤེགས་ཡོད་པ་བཀོད་འདུག

Youngzin2

དེ་བཞིན་འདི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པ་དེ་ནི་བོད་བསྟན་སྲིད་སྤྱི་དང་། ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ཡིན་པར་ཞིང་གཤེགས་དམ་པའི་གདན་ས་ཁག་གཙོས་པའི་དད་ལྡན་སློབ་ཚོགས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

ལྷག་པར་འདི་ཚེས་ ༡༣ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་དོན་དུ། འདས་པའི་མི་ལོ་བཅུ་ཕྲག་དྲུག་ལྷག་གི་འཕོ་འགྱུར་ཁྲོད་བོད་མི་རྣམས་གཞིས་བྱེས་གཉིས་སུ་ཐོར་ནས་གནས་ཚུལ་ཐབས་སྡུག་པོ་བྱུང་ཡང་། མེས་པོའི་ཆོས་རིག་རྣམས་རྒྱ་བལ་དང་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་དར་རྒྱས་གོང་སྤེལ་མཛད་པ་སྔར་མེད་པ་འདི་ལྟ་བུ་བྱུང་བ་དང་། སླད་མ་འོངས་པར་རང་རེ་ཚང་མས་སྐྱེས་མཆོག་འདི་དག་གི་ཐུགས་རྗེ་དང་། ཐུགས་སྟོབས་ལ་མིག་ལྟོས་ཡར་ལྟ་བྱས་ཏེ། སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་བླ་མའི་ཐུགས་དགོངས་སྒྲུབ་པ་ལ་ཐང་ལྷོད་མེད་པའི་འབད་པ་བྱེད་པ་ཁོ་ན་སྐུ་དྲིན་ལྡོན་པའི་ཐབས་མཆོག་ཡིན་པའི་ལམ་སྟོན་དང་འབྲེལ། སླར་ཡང་སྲིད་ཕེབས་སྨོན་འདུན་མཛད་འདུག

ཕྱོགས་མཚུངས། འདི་ཚེས་ ༡༤ ཉིན་དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས། གནས་ཚུལ་ཐོས་འཕྲལ་སྲིད་པའི་གངས་རྒན་ཆེན་པོ་འགྱེལ་བའི་ཐུགས་ཚོར་ཕམ་སེམས་ཧ་ཅང་ཆེན་པོ་བྱུང་ཡང་། འཕགས་པས་འཆི་དང་ན་བ། རྒ་བའི་སྡུག་བསྔལ་རྩད་ནས་སྤངས་བར་ཞལ་སློབ་འབྲེལ་ཡོད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། མི་རིང་བར་འཁྲུལ་བྲལ་ཡང་སྲིད་མྱུར་དུ་འབྱོན་ཞིང་གོང་མའི་མཛད་རྣམ་ཇི་བཞིན་སྐྱོང་བའི་གསོལ་འདེབས་སྨོན་ལམ་རྒྱུན་བསྲིངས་ཞུ་འཐུས་བཅས་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

ཚེས་ ༡༥ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་དེ་འབྲེལ་གསུང་འཕྲིན་ནང་། ལྷན་ཚོགས་ཀྱི་ཚོགས་གཙོ་འཇམ་མགོན་༸རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་ཚོགས་མི་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམས་ཀྱི་བློ་ཕམ་དང་བཅས་མྱ་ངན་གུས་འདུད་དང་། རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་བོད་ཀྱི་ཆོས་རིག་སྤྱི་དང་། ཁྱད་པར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སྟེ། དམ་པའི་ངང་ཚུལ་དགུའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བླ་ན་མེད་པར་མཛད་པའི་བཀའ་དྲིན་རྣམས་རྗེས་སུ་དྲན་པ་དང་། ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། སླར་བསྟན་འགྲོའི་མགོན་དུ་ཡང་སྲིད་མྱུར་དུ་འབྱོན་པའི་གསོལ་འདེབས་ཞུས་འདུག

དེ་བཞིན་དགོན་སྡེ་ཁག་དང་ཚོགས་པ་སྒྲིག་འཛུགས། ཞལ་སློབ་མང་པོས་སྐྱོ་གདུང་ཀྱི་རང་བཞིན་ཁེངས་ཏེ་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་གསོལ་འདེབས་དང་གདུང་སེམས་མཉམ་བསྐྱེད་ཞུས་དང་ཞུ་བཞིན་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་ནས་བོད་མི་མང་སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེ་རིང་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་མཆོག་དགོངས་པ་བོན་དབྱིསས་སུ་གཤེགས་ཏེ་ཉིན་གྲངས་ ༤ དེ་ཆགས་ཀྱི་ཡོད་ཅིང་། ད་ཆ་ཐུགས་དམ་གཡོ་མེད་ངང་བཞུགས་ཡོད་པ་དང་། ཐུགས་དམ་གྲོལ་བའི་རྗེས་སུ་༸སྐུ་ཕུང་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གདན་འདྲེན་ཞུས་ཏེ། མི་མང་ལ་མཇལ་ཁ་གནང་རྒྱུ་སོགས་རིམ་པའི་བླ་བྲང་ནས་གནས་ཚུལ་སྤེལ་རྒྱུ་ཡིན་པ་མ་ཟད། གཞིས་བྱེས་གཉིས་སུ་བཞུགས་པའི་དགོན་སྡེ་ཁག་དང་མང་ཚོགས་ནས་གདོང་མཆོད་འབུལ་རྒྱ་ཆེར་འཚོགས་བཞིན་པ་དང་། བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་ཐུགས་གསོ་རྒྱ་ཆེར་གནང་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་སོང་།

དཔར་དབང་། གཡུང་དྲུང་བོན་གྱི་དྲ་ཚིགས།

རྩ་བའི་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༢༦ ལོར་ཞང་ཞུང་སྒོ་པ་ཁྱུང་ཡུལ་དུ་སྐུ་འཁྲུངས་པ་དང་། ཆུང་དུས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གསན་བསམ་སློབ་གཉེར་མཛད་དེ། ཕྱི་ལོ་ ༡༩༤༢ ལོར་དགུང་ལོ་ ༡༧ ཐོག་གྲྭ་ས་སྨན་རིར་ཕེབས་ཏེ་གཙང་གཙུག་གི་སྡོམ་ཁྲིམས་བཞེས། ཕྱི་ལོ་ ༡༩༤༨ ལོར་སྨན་རིའི་དཔོན་སློབ་སངས་རྒྱས་བསྟན་འཛིན་སྐུ་མདུན་ནས་མདོ་སྔགས་རྫོགས་གསུམ་ཆ་ཚང་གསན་སྦྱོང་མཛད་དེ། དགེ་བའི་བཤེས་གཉེན་གྱི་མཚན་གནས་བཞེས། ཕྱིས་སུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཀྱི་གསེར་ཁྲིར་མངའ་གསོལ་ཏེ། འདུལ་བྱ་རྒྱ་ཆེར་བསྐྱངས་གནང་མཛད། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གསུང་རབ་མང་པོ་ཞིག་བཙན་བྱོལ་རྒྱ་གར་དུ་བསྣམས་ཕེབས། ཕྱི་ལོ་ ༡༩༦༤ ལོར་ཨིན་ལེནྜ་ནས་རྒྱ་གར་དུ་ཕེབས་རྗེས། དོལ་པོའི་ཕྱོགས་ནས་བོན་དཔེ་དུ་མ་ཞིག་གཡར་པོ་མཛད་དེ་དཔར་བསྐྲུན་ཞུས། ཕྱི་ལོ་ ༡༩༦༧ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་དང་། ཕྱི་ལོ་ ༡༩༧༩ ལོར་སྨན་རིའི་ཁྲི་འཛིན་སོ་གསུམ་པ་གསེར་ཁྲིར་མངའ་གསོལ་མཛད་ཅིང་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ། ཕྱི་ལོ་ ༡༩༨༧ ལོར་བལ་ཡུལ་དུ་ཁྲི་བརྟན་རྩེ་དགོན་པ་ཕྱག་བཏབ་པ་དང་། ནུབ་ཕྱོགས་ཧྥ་རན་སིར་གཤེས་བསྟན་དར་རྒྱས་གླིང་ཕྱག་བཏབ་ནས་སྒྲུབ་གྲྭ་སོགས་ཆེད་འཛུགས་མཛད་ཡོད་པ་མ་ཟད། རིན་པོ་ཆེའི་ལམ་སྟོན་འོག་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཁྲི་བསྐོས་མཛད་པ་སོགས་གསུང་འབུམ་པོད་ཉེར་གཉིས་བརྩམས་གནང་མཛད་དེ་གཡུང་དྲུང་བོན་གྱི་བསྟན་པར་མཛད་རྗེས་བླ་མེད་འཇོག་གནང་ཡོད་པ་རེད།

དཔར་དབང་། གཡུང་དྲུང་བོན་གྱི་དྲ་ཚིགས།

གཞི་རྩའི་གཤེན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བཙུན་དགོན་རཏྣ་སྨན་གླིང་། བོན་གཞིས་མི་མང་། སམ་བྷོ་ཌའི་ཉིན་སློབ། བོན་བུ་ཁྱིམ་ཁང་སོགས་སུ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་གནང་དང་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026