Tibetan Royal Year of 2151 | Year of the Wood Dragon

YPO ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་བརྒྱ་ཙམ་ནས་༸གོང་ས་མཆོག་གི་མཇལ་ཁ་དང་བཀའ་སློབ་ཞུས་པ། 

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་ (YPO) Young Presidents Organisation ཞེས་རྒྱལ་སྤྱིའི་ཚོང་པ་དང་ཚོང་བདག་ཆེ་གྲས་ལས་གྲུབ་པའི་གོ་ལའི་ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་རྒྱལ་ཁབ་ ༡༢ ནས་ཕེབས་པའི་ཚོགས་མི་ ༡༠༠ ཙམ་ལ་དམིགས་བསལ་མཇལ་ཁ་དང་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་གྱི་གལ་གནད་དང་། དེ་བཞིན་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སོགས་ཀྱི་སྐོར་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་ཆེན་དུ་སིངྒྷ་པུར་དང་ཕི་ལི་པི་ནིས། དེ་བཞིན་རྒྱ་གར་སོགས་ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གཙོ་བོར་གྱུར་པའི་རྒྱལ་ཁབ་ ༡༢ ནས་ནས་ཕེབས་པའི་ YPO ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་བརྒྱ་ཙམ་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། ཕྱག་ཚོད་གཅིག་ལྷག་གི་རིང་ལ་བཀའ་སློབ་ལམ་སྟོན་དང་། ཚོང་བདག་རྣམ་པས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སོགས་མཛད་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་དར་སྲོལ་བྱུང་ཡོད་པར་བཀའ་སྩལ་བ་དང་འབྲེལ། འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ཡང་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ནི་དངུལ་དང་སྟོབས་ཤུགས་ཀྱིས་ཉོ་ཐབས་མེད་པར་དེ་ནི་བྱམས་བརྩེའི་ཉམས་ལེན་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྟེན་ནས་ཐོབ་དགོས་ཞེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ང་ཚོ་ཆུང་བྱིས་པའི་སྐབས་སུ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་པའི་དབྱེ་འབྱེད་མེད་ཀྱང་། དེང་རབས་སློབ་སྦྱོང་གི་གོ་རིམ་ནང་དུ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་སོགས་ཀྱི་དབྱེ་འབྱེད་མང་པོ་ཡོང་གི་ཡོད་སྐོར་སོགས་བཀའ་སྩལ་བ་དང་སྦྲགས། ང་ཚོ་འཛམ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ནས་བརྒྱད་ཅུ་བར་ཡོད་པ་ཚང་མ་ཕན་ཚུན་དབར་གཅིག་མཚུངས་ཀྱི་འདུ་ཤེས་དགོས་གལ་ཡིན་པ་དང་། རྣམ་ཀུན་ནས་སེམས་བཟང་པོ་གནང་གནད་ཆགས་ཡོད་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག་པར་མ་ཟད། ཚོགས་བཅར་བ་རྣམ་པའི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་ཐུགས་བརྩེ་ཆེན་པོས་བཀའ་ལན་མཛད་ཡོད། 

སྐབས་དེའི་མཇལ་ཁ་གྲུབ་མཚམས་ YPO ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་དང་ལྷན་བཅར་ཞུས་པ་ཟི་ལིང་སྟོང་འཁོར་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཁག་གཅིག་ཞུས་པར་ཐེངས་འདིའི་མཇལ་ཁ་འདི་ནི་གཙོ་བོ་ཚོང་བདག་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་ལམ་སྟོན་ཞུ་རྒྱུ་དང་། དེ་བཞིན་དེ་རིང་དང་སང་ཉིན་ཉིན་འཁྱོངས་རིང་ནང་ཆོས་ནང་གསུངས་པའི་བཟང་སྤྱོད་ཀྱི་རྣམ་གཞག་སོགས་དང་འབྲེལ་བའི་མཁས་པའི་གསུང་བཤད་དང་དྲི་བ་དྲིས་ལན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཞུ་རྒྱུ་གཙོས་བཞུགས་སྒར་གྱི་ཉེ་འཁོར་ས་གནས་ཁག་གཅིག་ལ་གཟིགས་སྐོར་གནང་གི་ཡོད་པ་གསུངས་སོང་། 

གཞི་རྩའི་ YPO ཞེས་པའི་ན་གཞོན་འགོ་ཁྲིད་ཚོགས་པ་འདི་ནི་ཕྱི་ལོ་ ༡༩༥༠ ལོར་ཨ་རིའི་ཚོང་བདག་ཆེན་པོ་སྐུ་ཞབས་ Ray Hickok ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གསར་འཛུགས་གནང་ཞིང་། ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཚོགས་པའི་ཡན་ལག་ཚོགས་པ་ ༤༥༠ ལྷག་དང་ཚོགས་མི་རྒྱལ་སྤྱིའི་ཚོང་པ་དང་ཚོང་བདག་ཆེ་གྲས་ ༣༠༠༠༠ ལྷག་ཡོད་པ་དང་། ཚོགས་པ་འདི་ནི་རྒྱལ་སྤྱིའི་ཚོང་བདག་ཆེ་གྲས་རྣམ་པའི་དབར་ལ་དགོངས་ཚུལ་བརྗེ་ལེན་དང་ཐུན་མོང་གི་ལས་གཞི་སྤེལ་རྒྱུ། དེ་བཞིན་སྤྱི་ཚོགས་ལ་སྨན་པའི་འགོ་ཁྲིད་གསོ་སྐྱོང་སོགས་ཀྱི་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་པ་རེད། 

རླུང་འཕྲིན་ཁང་གིས་ཐེངས་འདིའི་༸གོང་ས་མཆོག་གི་མཇལ་ཁའི་ཁྲོད་ལྷན་ཞུགས་གནང་བའི་རྒྱལ་སྤྱིའི་ཚོང་བདག་ཆེ་གྲས་ཁོངས་སུ་ཡོད་པ་བདེ་སྐྱིད་དབྱངས་མཚོ་ལགས་ཀྱིས་གཙོས་པའི་ཚོགས་མི་གཞན་ཁག་གཅིག་ལ་བཀའ་འདྲི་ཞུས་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།