བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ པོ་ནང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཉིན་གྲངས་དྲུག་ཙམ་རིང་ཆོས་འབྲེལ་མཛད་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲག་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་རྒྱུ་གཙོས་པའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ཉིན་འཕགས་ཡུལ་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༥ ནས་ ༧ བཅས་ཉིན་གྲངས་གསུམ་རིང་རྒྱ་གར་ནཱ་ལེནྡཱི་ཤིཀ་ཤཱའམ་ནཱ་ལེནྡྲའི་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་དུ་ནཱ་ལེནྡྲའི་སློབ་གཉེར་བ་གཙོས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ཁག་ཅིག་ལ་ཆོས་འཁོར་མོད་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། ཚེས་ ༡༤ ནས་ ༡༦ བར་སོག་པོའི་དད་ལྡན་ཆོས་ཞུ་བ་དང་རྣམ་རྒྱལ་གྲྭ་ཚང་གཉིས་ཐུང་མོང་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།
གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་གི་ཆོས་འབྲེལ་དང་འབྲེལ་བའི་ཐོག་རྣམ་རྒྱལ་གྲྭ་ཚང་གི་དགའ་ལྡན་འཕེལ་རྒྱས་གླིང་དགོན་པའི་འགན་འཛིན་གྲྭ་བསྟན་འཛིན་དཀོན་མཆོག་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པ་ཡིན།
ཤེས་རྟོགས་བྱུང་བར། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་བསྩལ་བའི་དུས་སྐབས་སུའང་ཁུལ་དེར་དགེ་ལུགས་སྨོན་ལམ་ཆེན་མོ་དང་འཇང་དགུན་ཆོས་ཆེན་མོ་བཅས་ཚོགས་གཏན་འཁེལ་འདུག
མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་གྲུབ་རྗེས་ཕྱི་ཟླ་ ༣ ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག