བཞུགས་སྒར་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དུ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་དབུ་བཞུགས་ཀྱིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་ཚོགས་མཆོད་རྒྱས་པ་འདེགས་ འབུལ་གྱིས་སྤྲེལ་ཟླ་ཚེས་བཅུའི་རྗེས་འབྲེལ་ཚོགས་སོང།
དེ་རིང་ཟླ་ ༧ ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་དུ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། སྲི་ཞུ་ལས་བྱེད། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་སྤྲེལ་ཟླ་ཚེས་བཅུའི་རྗེས་འབྲེལ་དང་སྦྲགས། བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་ཚོགས་མཆོད་རྒྱས་པ་ཚོགས་ཡོད་པ་རེད།
རྩ་བའི་འདི་ལོའི་སྤྲེལ་ཟླ་ཚེས་བཅུ་གཞུང་འབྲེལ་མཛད་སྒོ་རྒྱས་པ་དེ་ཟླ་འདིའི་ཚེས་ ༡༤ ཉིན་སློབ་དཔོན་རིན་པོ་ཆེའི་གནས་མཆོག་མཚོ་པདྨར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚོགས་གནང་ཡོད་པ་རེད། འོན་ཀྱང་ད་རེས་སླར་གནས་ཆུང་གྲྭ་ཚང་དུ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྤྲེལ་ཟླ་ཚེས་བཅུའི་རྗེས་འབྲེལ་གྱི་སྲུང་བརྩིའི་མཛད་སྒོ་ཞིག་ཆགས་ཀྱི་ཡོད་པ་རེད།
ད་རང་སྔ་དྲོ་སྤྲེལ་ཟླ་ཚེས་བཅུའི་རྗེས་འབྲེལ་མཛད་སྒོའི་ཐོག་བཞུགས་སྒར་གཙོས་པའི་ས་གནས་གང་ས་ནས་ཕེབས་པའི་སེར་སྐྱ་མང་དག་ཞིག་འདུ་འཛོམས་གནང་འདུག་པ་དང་། སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་ཕྱི་ནང་གི་སྐུ་མགྲོན་རྣམ་པར་མཇལ་ཁ་གྲུབ་བསྟུན། འདུ་ཁང་གི་ཕྱི་རུ་སྤྱན་འདྲེན་གནང་བཞིན་གནས་ཚུང་གྲྭ་ཚང་གི་འདུ་ཁང་དུ་ཞབས་སྐོར་ཕེབས་པ་མ་ཟད། ཁྱད་པར་དུ་ཉེ་ཆར་གསར་བཞེངས་གནང་པའི་གུ་རུའི་སྐུ་བརྙན་རིན་པོ་ཆེའང་གནས་ཆུང་གྲྭ་ཚང་གི་འདུ་ཁང་གི་ཕྱི་ལ་གདན་ཞུས་ཀྱིས་མང་ཚོགས་ལ་མཇལ་ཁ་ཡང་གནང་ཡོད་པ་རེད།
གུ་རུའི་སྐུ་བརྙན་དེ་ནི་འདི་ལོའི་སྤྲེལ་ཟླ་ཚེས་བཅུའི་དུས་ཁྱད་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་རྙིང་མའི་དགོན་པ་རྣམ་གྲོལ་གླིང་དགོན་ནས་གསར་བཞེངས་གནང་པ་ཞིག་དང་། དེའང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཕུག་ཏུ་གཟའ་འཁོར་གཉིས་ལྷག་གི་རིང་བཞུགས་སུ་གསོལ་རྗེས། ཉེ་ཆར་༸གོང་ས་མཆོག་དབུ་བཞུགས་ཀྱིས་ཚོགས་པའི་འདི་ལོའི་སྤྲེལ་ཟླ་ཚེས་བཅུའི་གཞུང་འབྲེལ་མཛད་སྒོའི་ཐོག་གནས་མཆོག་མཚོ་པདྨར་ཡང་གདན་ཞུས་གནང་ཡོད།
རྩ་བོད་ཟླ་ ༥ ཚེས་ ༡༠ ནི་གུ་རུ་རིན་པོ་ཆེ་མཆོག་གི་༸སྐུ་འཁྲུངས་བའི་དུས་ཚིགས་ཁྱད་པར་ཅན་ཞིག་འཁེལ་གྱི་ཡོད་པ་དང་། ལྷག་པར་དུ་སྤྲེལ་ཟླ་ཚེས་བཅུ་ནི་ལོ་འཁོར་བཅུ་གཉིས་ནང་ཐེངས་གཅིག་རེ་འཁེལ་གྱི་ཡོད་སྟབས། བོད་ནང་དེ་སྔ་དུས་ཆེན་དེ་སྲུང་བརྩི་ཞུ་སྲོལ་ཡོད་པ་དང་། དེའང་རྙིང་མ་གཙོས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གིས་ཉིན་དེར་ཚོགས་མཆོད་རྒྱ་ཆེ་འདེགས་འབུལ་གྱིས་སྲུང་བརྩི་གནང་སྲོལ་ཡོད་པ་རེད།