དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༤ ཚེས་ ༢༦ ནས་ཟླ་ ༦ ཚེས་ ༨ བར་ཨ་རི་དང་ཁེ་ན་ཌ། ཉི་འོང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད། ཨ་རི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་ཏེ། ད་ཆ་ཁེ་ན་ཌར་འཚམས་གཟིགས་གནང་བཞིན་ཡོད་ཅིང་། ཁེ་ན་ཌ་ Calgary ཀེལ་གེ་རི་གཞོན་སྐྱེས་དང་མང་ཚོགས་ལ་གསུང་བཤད་གནང་བའི་སྐབས། བཙན་བྱོལ་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དགོས་གལ་གྱི་དྲན་སྐུལ་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན། ཟླ་བ་འདིའི་ཚེས་ ༢༤ ཉིན་སྲིད་སྐྱོང་མཆོག་ཁེ་ན་ཌ་ཀེལ་གེ་རི་ས་གནས་སུ་ཕེབས་ཏེ། Slovakia Club སོ་ལོ་ཝ་ཀི་ཡ་ཚོགས་ཁང་ནང་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད། ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཐོག་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་སྐུལ་འདེབས་གནང་འདུག
སྲིད་སྐྱོང་མཆོག་གིས་བོད་མིའི་གཞོན་སྐྱེས་ཀྱི་ནུས་སྟོབས་གོང་འཕེལ་དང་སྤྱི་ཚོགས་ཀྱི་ལས་དོན་ནང་མཉམ་ཞུགས་གནང་དགོས་གལ་ཡིན་ཞིང་། ལྷག་པར་ཁེ་ན་ཌར་གནས་སྡོད་བོད་མི་རྣམས་ནས་བོད་ཀྱི་ངོ་བོ་མཚོན་པའི་རིག་གཞུང་དང་། བོད་ཀྱི་རྩ་དོན་ཐོག་ལྷོད་མེད་ཀྱི་ཆོད་སེམས་དགོས་པའི་ནན་སྐུལ་གནང་ཡོད་པ་དང་། བོད་མིའི་འཐབ་རྩོད་དང་མཉམ་མཐུན་གྱི་སྙིང་སྟོབས་ལས་སྐྱབས་བཅོལ་སྤྱི་ཚོགས་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད་པ་མ་ཟད། བོད་དོན་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་མུ་མཐུད་མངོན་རྒྱུ་ཡོད་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྱུར་མེད་ཐུགས་ཀྱི་དམ་བཅའ་དང་གཞིས་བཞུགས་བོད་མི་ཚོས་སྙིང་རུས་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་དྲན་སྐུལ་གནང་འདུག
དེ་བཞིན་བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གྱིས། མང་ཚོགས་ནས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་པོ་སྤྱི་སྒེར་གཉིས་ཀྱི་ཐོག་ལག་བསྟར་གནང་དགོས་གལ་ཡིན་པ་གསུང་འདུག
ལྷག་པར་འདི་ལོར་༸སྐུའི་གོ་སྟོན་དང་བསྟུན་ནས་ལོ་འདི་བཞིན་བོད་མི་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། གོ་སྟོན་སྲུང་བརྩི་འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཙམ་མིན་པར་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོར་འཚེ་བ་མེད་པ་དང་སྙིང་རྗེ། ཀུན་ཁྱབ་ཀྱི་བཟང་སྤྱོད་བཅས་ཀྱི་མཛད་རྗེས་རྣམས་ལ་བསམ་བློ་གཏོང་རྒྱུའི་གོ་སྐབས་ཤིག་རེད་ཅེས་གསུངས་ཏེ། ༸རྒྱལ་བའི་ Social, Emotional, and Ethical (SEE) Learning སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོའི་སྐོར་དང་འབྲེལ། དེ་ལྟ་བུའི་ཤེས་ཡོན་བརྒྱུད་ནས་བྱམས་བརྩེ་ལྡན་པའི་འཛམ་གླིང་གི་མི་སེར་ཞིག་གསོ་སྐྱོང་གནང་གི་ཡོད་ཅེས་གསུངས་འདུག
མ་ཟད་དམིགས་བསལ་གཞོན་སྐྱེས་རྣམས་ལ་དམིགས་ནས་ཕྱི་ལོ་ ༡༩༦༢ ལོར་འདོན་སྤེལ་གནང་བའི་༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་། ཉེ་ལམ་འདོན་སྤེལ་གནང་བའི་བོད་དང་བོད་མིའི་མགྲིན་ཚབ་ Voice of the Voiceless ཀྱི་ཕྱག་དེབ་བརྒྱུད་ནས་བོད་མིའི་རེ་བ་དང་མངོན་འདོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོར་དངོས་ཡོད་དང་དྲང་བདེན་གྱི་ཐོག་ལ་དགོངས་བཞེད་མཛད་པ་གསལ་སྟོན་གྱིས། མང་ཚོགས་ངོས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ཆབ་སྲིད་ཀྱི་བརྒྱུད་རིམ་བཅས་ཤེས་རྟོགས་དགོས་གལ་དང་། དེའི་བརྒྱུད་ནས་བཙན་བྱོལ་ནང་གི་བོད་མིའི་འཐབ་རྩོད་དང་ངོ་བོ་རྒྱུན་འཁྱོང་ཡོང་གི་ཡོད་པ་ནན་བརྗོད་གནང་འདུག
ད་དུང་བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་ཀྱི་གལ་གནད་ངོ་སྤྲོད་གནང་བའི་ཁྲོད། དེ་ནི་བཙན་བྱོལ་ནང་གི་བོད་མིའི་ངོ་བོ་མཚོན་ཆེད་ཙམ་མིན་པར། བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་མཐུན་གྱི་བོད་མིའི་ངོ་ཚབ་གཅིག་པུ་དེ་ཡིན་པ་མཚོན་གྱི་ཡོད་ཅེས་ནན་བརྗོད་གནང་འདུག

རྩ་བའི་སྲིད་སྐྱོང་མཆོག་ཁེ་ན་ཌར་འཚམས་གཟིགས་ཁྲོད། འདི་ཚེས་ ༡༦ ཉིན་ཡུལ་དེ་གའི་གྲོས་ཚོགས་འཐུས་མི་ཡི་ཝོན་བྷ་ཀེར་ Yvon Baker ལགས་དང་ཐུག་འཕྲད་ཀྱིས། ཁོང་བསྐྱར་དུ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ར་འཚམས་འདྲི་དང་འབྲེལ། བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་དང་སྐུའི་གོ་སྟོན་སྲུང་བརྩིའི་སྐོར་སྙན་སེང་ཞུས་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ཁོང་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གཙང་མ་ཡོད་པ་གསུངས་འདུག

དེ་བཞིན་འདི་ཚེས་ ༡༧ ཉིན་ཁེ་ན་ཌའི་བེལ་ཝིལ་ཊོརེན་ཊོན་ Belleville- Trenton ས་གནས་སུ་ཆེད་ཕེབས་ཀྱིས་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་དང་། འདི་ཚེས་ ༡༨ ཉིན་ཁེ་ན་ཌའི་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭར་ཆེད་ཕེབས་ཀྱིས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཉིན་དེར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ས་གནས་ཀྱི་བོད་མི་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད།

གཞི་རྩའི་འདི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་ཁེ་ན་ཌ་ནུབ་ངོས་སུ་ཆགས་པའི་ Vancouver ཝེན་ཁུ་ཝར་མངའ་ཁུལ་གྱི་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་བའི་ཁྲོད། བོད་དོན་འཐབ་རྩོད་ཐད་རང་བཙན་དང་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་མཉམ་རུབ་གནང་དགོས་གལ་ཡིན་པ་དང་། ཕྱོགས་གཉིས་ཀས་བོད་འདི་བཞིན་རྒྱ་དམར་གྱི་ཁྲིམས་འགལ་བཙན་འཛུལ་མ་བྱས་གོང་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་བཟློག་ཏུ་མེད་པའི་བདེན་པའི་ལོ་རྒྱུས་ལ་གཞི་བཅོལ་ཏེ། འཐབ་རྩོད་ཀྱི་ནུས་པ་གོང་སྤེལ་བྱ་དགོས་ཞེས་གསུངས་འདུག





