ཁ་ཉིན་རེས་གཟའ་མིག་དམར་ཉིན་བོད་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༧།༡ ཙམ་བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་རྗེས། འཛམ་གླིང་ས་ཕྱོགས་གང་སར་གྱར་བའི་བོད་མི་རྣམས་ནས་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ། རྒྱ་གཞུང་ལ་བོད་ཀྱི་ཁོར་ཡུག་ཐད་དོ་སྣང་གནང་དགོས་པའི་ཞུ་སྐུལ་གནང་བཞིན་པའི་ཁྲོད། ཁ་སང་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་ས་གནས་ཡུལ་མི་ཕོན་ཆེ་འདུ་འཛོམས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་ཁ་སང་ཕྱི་དྲོ་གོ་སྒྲིག་ཞུས་པའི་མར་མེ་ཁྲོམ་སྐོར་དེ་བཞིན་ལ་དྭགས་ནང་པའི་ཆོས་ཚོགས་དང་། ལ་དྭགས་ས་གནས་གཞོན་ནུ་དང་བུད་མེད་བཅས་མཉམ་འབྲེལ་གྱི་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེའི་ཐོག་ལ་དྭགས་ཡུལ་མིས་མང་པོས་ཚོར་བ་ཆེན་པོིའི་སྒོ་ནས་འཛུལ་བཞུགས་གནང་བ་མ་ཟད། ལ་སྤྱི་དོན་གྲུབ་བཀྲིས་ལགས་དང་གཞན་ཡང་ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་བཅས་ནས་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་དང་། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད། དེ་བཞིན་རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཆེད་སྨོན་ལམ་རྒྱག་བཞིན་ཡོད་པ་གསུངས་འདུག

རྩ་བའི་ཁ་སང་བཞུགས་སྒར་རྡ་རམ་ས་ལར་ཡང་ཕྱི་དྲོ་ཆུ་ཚོད་ ༥:༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག་རྡ་ས་ཁུལ་གྱི་བོད་མི་ཚོས་ས་ཡོམ་གོད་ཆགས་ཁྲོད་གནོད་སྐྱོན་ཕོག་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁ་སང་ཕྱི་དྲོ་ཚོུད་ ༧ ནས་ད་རིང་སྔ་དྲོ་ཚོུད་ ༧ བར་སྒྲོལ་མ་མཚན་འདོན་དང་། བསྔོ་བ་སྨོན་ལམ་ཞུས་གནང་ཡོད།

མར་མེ་ཁྲོམ་སྐོར་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་གནང་བའི་ནང་། དོན་རྐྱེན་འདིའི་ཁྲོད་གནོད་འཚེ་ཕོག་མཁན་ཀུན་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས། གོད་ཆགས་འདིའི་འབྱུང་རྩ་གཙོ་བོ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ནང་ཤིང་ནགས་གཅོད་བྲེགས་དང་། གསེར་དངུལ་ཟངས་ལྕགས་ལ་སོགས་པའི་གཏེར་ཁ་སྔོག་འདོན། བོད་ནང་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་གང་སར་ཆུ་མཛོད་གསར་རྒྱག དེ་བཞིན་རྡུལ་ཕྲན་མཚོན་ཆ་སོགས་རྫས་རིགས་དང་འབྲེལ་བའི་བཟོ་གྲྭ་མང་པོ་འཛུགས་སྐྲུན་བྱས་པ་སོགས་ལ་བརྟེན་ནས་འབྱུང་བ་ཞིག་ཡིན་སྐོར་གསལ་སྟོན་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་སོང་།

མ་ཟད་ཁ་སང་ Tibet Action འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་རྒྱུད། ད་སྐབས་བོད་ནང་གི་ས་ཡོམ་དང་འབྲེལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བའི་ཁྲོད་བོད་ལ་དབྱིན་ཡིག་ཏུ། Tibet ཞེས་པའི་ཐ་སྙད་ཚབ་ཏུ་ Xizang བེད་སྤྱོད་གཏོང་ཡོད་པ་ཐེར་འདོན་དང་འབྲེལ། རྒྱ་གཞུང་གིས་ཐ་སྙད་དེ་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་གོ་དགོས་ལུགས་བཙན་འགེལ་བྱེད་པ་འདི་ནི། བོད་འདི་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་དངོས་ལ་འཁྱོག་བཤད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ། རྒྱ་ནག་གུང་ཁྲན་གཞུང་གིས་ཁྲིམས་མཐུན་ཐོག་འཛིན་སྐྱོང་བྱེད་བཞིན་ཡོད་ལུགས་ནོར་འཁྲུལ་གྱི་གོ་རྟོགས་སྤེལ་བཞིན་པའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་སྐོར་མངོན་གསལ་གྱིས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གཙོས་གནད་ཡོད་མི་སྣ་རྣམས་ནས་ལོ་རྒྱུས་ཀྱི་དོན་དངོས་དང་། རྒྱལ་སྤྱིའི་ཁྲིམས་ལུགས། བོད་མིའི་མངོན་འདོད་བཅས་གཞི་རྩར་བཞག་སྟེ། རྒྱ་གཞུང་གི་འདོད་པ་བཞིན་དུ་བོད་ལ་ Xizang ཞེས་པའི་ཐ་སྙད་དེ་བཀོལ་སྤྱོད་མ་གནང་བར་བོད་ལ་སྔར་བཞིན་ Tibet ཞེས་འབོད་དགོས་པའི་ཞུ་སྐུལ་གནང་འདུག




