Tibetan Royal Year of 2151 | Year of the Wood Dragon

༸སྐུའི་འཁྲུངས་སྐར་གྱི་གསོལ་སྟོན་ལ་ཕྱི་རྒྱལ་གཞུང་གི་སྐུ་ཚབ་ཁག་ཉི་ཤུ་ལྷག་ནས་ལྷན་བཞུགས་གནང་འདུག

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཕྱི་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུ་སྲོལ་ཡོད་པ་ལྟར།   ཁ་ཉིན་ཕྱི་ཚེས་ ༦ གྱི་ཕྱི་དྲོ་ལྡི་ལི་གསར་པའི་ India Habitat Centre གྱི་ Silver Oak དུ་གོ་སྒྲིག་ཞུས་པའི་གསོལ་སྟོན་དེའི་སྐབས་ལྡི་ལི་ཁུལ་གྱི་ཕྱི་རྒྱལ་གཞུང་ཚབ་ངོ་མ་དང་སྐུ་ཚབ་བཅས་པ་ཁྱོན་རྒྱལ་ཁབ་ཁག་ ༢༠ ཙམ་གྱི་གཞུང་ཚབ་ཆེད་ཕེབས་གནང་འདུག་པ་མ་ཟད། གསོལ་སྟོན་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་ཡོད་པའི་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་གཅིག་ཀྱང་ཆེད་ཕེབས་གནང་འདུག

HHDL Birthday Delhi

གསོལ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ BP Singh མཆོག་ནས་སྐབས་དེར་ཁོང་ ༢༠༡༠ ལོར་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་ཡིན་སྐབས་སྒང་ཏོག་ཁུལ་དུ་དངོས་སུ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་བྱུང་པ་མ་ཟད།   སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་ལྷན་དུ་ཤེས་ཡོན་དང་ཆོས་ལུགས་ཚན་རིགས་བཅས་ཀྱི་བགྲོ་གླེང་ཞིག་ཏུ་ལྷན་བཞུགས་ཀྱི་གོ་སྐལ་བྱུང་ཡོད་པ་བརྒྱུད།    རང་ཉིད་ཀྱི་མི་ཚེར་དོན་སྙིང་གསར་པའི་སེམས་འགུལ་དང་ཤུགས་རྐྱེན་ཆེན་པོ་བྱུང་པ་དང་།   དེ་རྗེས་ཁོང་ནས་བརྗོད་གཞི་དེ་དང་འབྲེལ་བའི་ཕྱག་དེབ་ཁག་གཅིག་ཆེད་རྩོམ་གནང་ཡོད་སྐོར་དང་།   ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་ཞབས་པུས་གཤག་བཅོས་ལེགས་གྲུབ་ཀྱིས་རིང་མིན་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུ་ཡིན་པ་དེ་ནི་རྒྱ་གར་མི་མང་ཙམ་མིན་པར་འཛམ་གླིང་ཀུན་དུ་ཡོད་པའི་༸གང་ཉིད་ཀྱི་རྗེས་འཇུག་པ་ཚོར་ཡང་གཏམ་བཟང་ཞིག་ཡིན་སྐོར་སོགས་གསུངས་ཡོད། 

HHDL Birthday Delhi

སྐབས་དེར་ལྡི་ལི་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་སྐུ་མགྲོན་རྣམ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་འཕྲིན་བརྒྱུད་ལམ་ཐོག་སྩལ་བའི་གསུང་འཕྲིན་གཟིགས་འབུལ་ཞུས་པ་མ་ཟད།   ལྡི་ལི་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཀྱི་དགོངས་གཞི་ཁག་ལམ་ཙམ་ངོ་སྤྲོད་དང་སྦྲགས།  རྒྱ་གར་གཞུང་མང་གཉིས་ཀྱི་བཀྲིན་ལ་རྗེས་དྲན་དང་།  རྒྱལ་སྤྱིའི་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་མ་འོངས་པར་ཡང་རྒྱབ་སྐྱོར་མུ་མཐུད་གནང་བའི་ཐུགས་རེ་ཡོད་སྐོར་བཅས་གསུངས་ཡོད།  

HHDL Birthday Delhi

གཞི་རྩའི་རྒྱ་གར་རྒྱལ་ས་ལྡི་ལིའི་མི་མང་གི་འཁྲུངས་སྐར་མཛད་སྒོ་དེ་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་ཚོགས་ཡོད་པ་དང་།     མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་ལྡི་ལི་དོན་གཅོད་དང་།   གཞན་ཡང་དམིགས་བསལ་སྐུ་མགྲོན་དུ་ལ་དྭགས་རང་སྐྱོང་རི་ལྗོངས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Haji Hanifaམཆོག་དང་།  ས་གནས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Parlad Singh Sawhneyམཆོག   IBC རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་དང་།   རྒྱ་གར་བོད་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་སྤྱི་ཁྱབ་འབྲེལ་མཐུད་པ་སོགས་ཆེད་ཕེབས་དང་སྦྲགས།   བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་དང་། ཕྱི་ལུགས་ལྟར་གྱ་དགུ་སོན་པའི་སྐུའི་འཁྲུངས་སྐར་དེ་དགའ་སྤྲོ་ལྡན་པའི་ངང་སྲུང་བརྩི་ཞུས་ཡོད། 

HHDL Birthday Delhi

འབྲེལ་ཡོད་གསར་གནས།

གསར་གནས།