ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཚོགས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྟེང་གདོང་ལེན་བྱེད་བཞིན་ཡོད་པ་གསུངས་འདུག

དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག བོད་ཀྱི་མ་འོངས་པའི་གནས་བབ་དང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གནད་དོན། བོད་ཐོག་རྒྱ་ནག་གིས་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཀྱི་སྐོར་དཔྱད་ཞིབ་བགྲོ་གླེང་ཞིག་གནང་འདུག
ཚོགས་འདུའི་ཉིན་དང་པོར་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པའི་ངེས་སྟོན་པ་དང་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་ཨེ་ཊེན་ཛེན་ (Adrian Zenz) ལགས་ཀྱིས། བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་གཞུང་གིས་བཙན་འགེལ་བྱས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་ཉེན་ཁར་དབྱེ་ཞིབ་ཅེས་པའི་སྙན་ཐོ་སྒྲོག་སྦྱང་དང་། དེ་རྗེས་བོད་ཀྱི་མ་འོངས་པའི་གནས་བབ། སྐུའི་ཡང་སྲིད། དྲག་གནོན། མང་གཙོའི་བརྡ་ལན་ཞེས་པའི་བགྲོ་གླེང་ལྷན་ཚོགས་འཚོགས་ཏེ། རྒྱ་ནག་གཞུང་གིས་བོད་མ་འོངས་པའི་གནས་བབ་སྤྱི་དང་། ལྷག་པར་དུ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྒོར་ཐེ་བྱུས། དེ་བཞིན་བོད་ནང་རྒྱ་ནག་གི་དབང་སྒྱུར་སྲ་བརྟན་དང་། མི་རིགས་བཙན་སྒྱུར་ལས་དོན་མགྱོགས་སུ་གཏང་རྒྱུ་མཚོན་པའི་ངོ་རྒོལ་ལས་འགུལ་གཏན་ནས་མེད་པ་བཟོ་རྒྱུར་རྒྱ་གཞུང་གིས་ཡར་རྒྱས་ཀྱི་སྲིད་བྱུས་དང་། ངལ་རྩོལ་བ་གནས་སྤོ། ཁྲིམས་སྒྲིག་བསྐྱར་བཅོས་བྱེད་བཞིན་པའི་གནས་ཚུལ་གསལ་སྟོན་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ནང་འགྱུར་བ་གང་འགྲོ་སྲིད་པ་དང་། ལྷག་པར་དུ་ཨ་རི་མཚོན་པའི་མང་གཙོའི་རྒྱལ་ཁབ་ཚོས་བོད་མིའི་ཆོས་དད་རང་དབང་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་བོད་དང་བོད་ཕྱི་ལོགས་སུ་དྲག་གནོན་བྱེད་བཞིན་པར་གདོང་ལེན་བྱེད་ཐབས་གང་ཡོད་སྐོར་དབྱེ་ཞིབ་གནང་འདུག
བགྲོ་གླེང་ལྷན་ཚོགས་ཐོག་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལ་འགུལ་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ར་ཡེན་ཧྤི་རོ་སི་ཀི་ Ryan Fioresi ལགས། ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་། བདེ་འཇགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རེ་ཝ་པ་རེ་སི་ Reva Price ལགས། དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པའི་ངེས་སྟོན་པ་དང་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་ཨེ་ཊེན་ཛེན་ (Adrian Zenz) ལགས་བཅས་ནས་མཉམ་ཞུགས་གསུང་བཤད་གནང་འདུག

བགྲོ་གླེང་ལྷན་ཚོགས་དེ་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ Paula J. Dobriansky ལགས་བར་དམིགས་བསལ་གླེང་མོལ་ལས་རིམ་ཞིག་འཚོགས་འདུག་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དེ་འབྱུང་འགྱུར་བོད་ཀྱི་གནས་བབ་དང་འབྲེལ་བ་ཆེན་པོ་ཡོད་དུས། དེ་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པ་མ་ཚད། བོད་ཀྱི་འདས་པའི་བྱུང་རབས་ལོ་རྒྱུས་ལའང་འཁྱོག་བཤད་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འཁྱོག་བཤད་དེ་དག་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུངས་འདུག
གཞི་རྩའི་རྒྱ་ནག་གི་གླེང་སྟེགས་ནི། དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་གོ་སྒྲིག་ཞུས་པའི་ལོ་འཁོར་ཚོགས་འདུ་ཞིག་ཡིན་པ་དང་། དེ་ཉིད་གཙོ་བོ་ཚོང་ལས་དང་། དཔལ་འབྱོར། ཕྱི་འབྲེལ་སྲིད་བྱུས། བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་ཡོད་པའི་ཆེད་ལས་པ་དང་། སྲིད་བྱུས་བཟོ་མཁན་མཉམ་འཛོམས་བྱེད་སའི་གླེང་སྟེགས་ཤིག་ཡིན་ལ། འདུ་འཛོམས་དེའི་དམིགས་ཡུལ་གཙོ་བོ་ཨ་རིའི་མི་མང་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་དམར་ཤོག་ཚོགས་པ། ཨ་རི་དང་རྒྱ་ནག་བར་གྱི་གནད་དོན་གཙོ་གྲས་སྐོར་གོ་རྟོགས་སྤེལ་རྒྱུ་དེ་རེད་འདུག །




