Tibetan Royal Year of 2151 | Year of the Wood Dragon

ཉིན་འཁྱོངས་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་བསྡུར།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་བཀའ་བསྡུར་ལྷུག་པོ་གནང་སོང་།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ དབུ་འཛུགས་དང་འབྲེལ་ཏེ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས་རྒྱ་གཞུང་གི་དྲག་གནོན་འོག་གཞིས་ལུས་བོད་མི་རྣམས་བོད་དུ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ཛ་དྲག་གི་གནས་བབ་འོག་ལྷུང་ཡོད་སྐོར་དང་འབྲེལ་ནས་གསུང་བཤད་གནང་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་སྟེ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཁྲོད། ཐ་ན་བོད་མིའི་རིགས་རྫས་བསྡུ་ལེན་གྱིས་ཚད་མཐོའི་འཕྲུལ་རིགས་ཐོག་ནས་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་ཏུ་དམ་བསྒྲགས་དང་བོད་ཕྲུག་ས་ཡ་བརྒལ་བ་བཙན་དབང་གིས་གཏན་འཇགས་སློབ་གྲྭར་ཆེད་བཅུག་སོགས་བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག་རང་དབང་བཅས་པ་བརྩི་མེད་བཏང་བ་མ་ཚད་པར་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ།

དེའི་ཁྲོད་ད་བར་བོད་ནང་བོད་མི་ ༡༥༧ གྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་ལས་འགུལ་སྤེལ་ཡོད་པར་མ་ཟད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་པའི་བེུད་ལྷ་མོ་ལགས་ཀྱིས་རང་སྲོག་བཅད་པའི་གནད་དོན་བྱུང་བ་སོགས་ཛ་དྲག་གནས་སྟངས་ཞིབ་རྒྱས་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་ལ་སློབ་གཉེར་གནང་རྒྱུར་བཀག་སྡོམ་བྱས་ཏེ་བོད་མི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པར་མ་ཟད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭ་ཟེར་བར་བཙན་བཅུག་གིས་རྒྱ་བསྒྱུར་སྲིད་བྱུས་རྣམས་ངེས་པར་དུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་ཡོད།  

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཟེར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཁྱབ་སྤེལ་དང་སྲ་བརྟན་གཏོང་རྒྱུ་ཟེར་བ། དེ་བཞིན་རིགས་རྫས་བསྡུ་ལེན་གཙོ་བོར་གྱུར་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་གིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་སྤྲད་དགོས་པ། དེ་བཞིན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་སྐུ་འཁོར་ལྷན་རྒྱས་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་དོན་ཚན་བདུན་ཅན་གྱི་གྲོས་ཆོད་གྲོས་འཆར་ཐོག་ཉིན་འཁྱོངས་རིང་བགྲོ་གླེང་གནང་སོང་།

སྐབས་དེར་སྤྱི་འཐུས་འགའ་ཞིག་གིས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་བཏང་ལ་རྗེས་དྲན་དང་འབྲེལ་ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་སྲུང་བརྩིའི་ཉིན་མོ་གཏན་འབེབས་གནང་དགོས་པ་སོགས་གསུངས་ཡོད་པ་དང་། དེ་བཞིན་བགྲོ་གླེང་ཁྲོད་རང་བཙན་དང་དབུ་མའི་བཞེངས་ཕྱོགས་དང་འབྲེལ་ཏེ་བགྲོ་གླེང་ལྷུག་པོ་གནང་སོང་ལ། སྤྱི་འཐུས་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་འགྱུར་ལྡོག་གནང་དགོས་པའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་མང་དག་ཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་བཀའ་མོལ་གནང་སྐབས་གཙོ་བོ་བོད་ཀྱི་ཐུན་མིན་ཆོས་རིག་དང་ལྷག་པར་སྐད་ཡིག་ཐོག་ཤུགས་སྣོན་རྒྱག་དགོས་པ་ལས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་ཉམས་སྨད་དུ་འགྲོ་བཞིན་པར་ཐུགས་འཚབ་གནང་ཡོད།  

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གི་ལས་རིམ་ནང་ཆ་ཤས་བཞེས་མཁན་སྤྱི་འཐུས་མང་དག་ཅིག་བྱུང་བ་དང་འབྲེལ་ནས་ཉིན་འཁྱོངས་རིང་སྤྱི་འཐུས་སུམ་ཅུ་ལྷག་གིས་བགྲོ་གླེང་གི་ཆ་ཤས་བཞེས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།