Tibetan Royal Year of 2151 | Year of the Wood Dragon

དབུ་མའི་ལམ་གྱི་སྲིད་བྱུས་ལ་བཀའ་ཤག་ཙམ་མིན་པར་གྲོས་ཚོགས་ནས་ཀྱང་འགན་སྲུང་གནང་དགོས།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

སྐབས ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཐོག་རྒྱ་ནག་གཞུང་ལ་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་མཚམས་འཇོག་དང་བོད་ཕྲུག་རྣམས་རྒྱ་བསྒྱུར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་མ་ཟད། གྲོས་ཆོད་ཐོག་བགྲོ་གླེང་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆོད་སེམས་བརྟན་པོ་ཡིན་པ་དང་། སྲིད་བྱུས་དེའི་འགན་སྲུང་གནང་རྒྱུའི་འགན་དབང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཙམ་མིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལའང་ཡོད་པར་གསུང་སོང་།

བོད་མི་མང་སྤྱི་འཐུས་རྣམས་ཀྱིས་ཁ་སང་ཉིན་འཁྱོངས་དང་དེ་རིང་ཉིན་དགུང་བར་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། བགྲོ་གླེང་ཁྲོད་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ལ་བཀའ་བསྡུར་གནང་བ་ལས་འཕྲོས་ཏེ་སྤྱི་འཐུས་ཁག་ཅིག་གིས་ཉེ་ལམ་ཚོགས་པའི་བོད་རང་ཙན་གྱི་ཚོགས་འདུ་དང་དབུ་མའི་ལམ་གྱི་ཚོགས་འདུ། གྲོས་ཚོགས་དང་བསྟུན་གཞི་རིམ་མང་ཚོགས་ལྔ་བརྒྱ་ལྷག་གིས་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་པ་སོགས་ཀྱི་གནད་དོན་དང་འབྲེལ་བའི་འདྲི་རྩད་དང་བཀའ་བསྡུར་ལྷུག་པོ་བྱུང་བ་ལྟར་སྲིད་སྐྱོང་མཆོག་གིས་དེ་དག་ལ་བཀའ་ལན་གནང་ཡོད།

སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཆ་ཤས་བཞེས་སྐབས་སྤྱི་འཐུས་རྣམས་ལ་བོད་ནང་གི་ཛ་དྲགས་གནས་སྟངས་དང་འབྲེལ་ནས་འཛིན་སྐྱོང་བཀའ་ཤག་དང་གཞུང་ཁོངས་མིན་པའི་སྒྲིག་འཛུགས་སོགས་བཙན་བྱོལ་བོད་མི་རྣམས་ཀྱིས་ཕྱོགས་ཡོངས་ནས་བོད་དོན་ཞུ་གཏུག་དང་གྲོས་མོལ་ཡོང་ཐབས་སོགས་ལ་དམིགས་ཏེ་ལས་དོན་སྤེལ་ཕྱོགས་སྙན་སེང་དང་ཆབས་ཅིག དེང་སྐབས་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་དང་དཔལ་འབྱོར། ཚོང་དོན་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ལ་ལྟ་ཕྱོགས་ཞན་དུ་འགྲོ་བཞིན་ཡོད་པའི་ཁར་བོད་དོན་སྐོར་གླེང་སློང་གནང་རྒྱུའི་གོ་སྐབས་མང་དུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བར་མ་ཟད། རྒྱ་ནག་རྒྱལ་ནང་གི་ཆབ་སྲིད་ར་བའི་ནང་ལའང་མངོན་གསལ་དོད་མིན་གནས་སྟངས་སྣ་ཚོགས་ཐོག་ནས་འགྱུར་བ་འགྲོ་བཞིན་པ་དང། འགྱུར་ལྡོག་དེ་དག་ཁྲོད་བོད་ནང་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་ལྡོག་གང་ཞིག་འགྲོ་བཞིན་པ་བཅས་ཀྱི་ཐོག་ཐུགས་སྣང་དང་ཕྱག་ལས་གནང་བཞིན་ཡོད་སྐོར་གསུང་བཤད་གནང་བ་དང་འབྲེལ། ད་ལྟའི་དུས་སུ་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་སུ་འདྲ་ཞིག་དང་མཇལ་མོལ་གནང་ཡང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འཛམ་གླིང་གི་ཆབ་སྲིད་སྐོར་ལ་གོ་བསྡུར་གནང་རྒྱུ་དང་གོ་བརྡ་སྤྲོད་ཐུབ་རྒྱུའི་ནུས་པ་ཡོད་པར་འགྲེལ་བརྗོད་གནང་སོང་།

གཞི་རྩའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ནང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་དང་། རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་དང་བཅའ་སྡོད་སློབ་གྲྭ་བརྒྱུད་བོད་ཕྲུག་རྣམས་རྒྱ་བསྒྱུར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་གཞུང་ནས་གུ་དོག་པའི་བྱ་སྤྱོད་ཀྱིས་གཡས་ཁག་གཡོན་དཀྲིས་མེད་པར་བོད་རྒྱ་གྲོས་མོལ་དགོས་པར་ནན་བརྗོད་གནང་བ་སོགས་ཁྱོན་དོན་ཚན་ ༧ ཆེད་བཀོད་གནང་ཡོད་པ་དང་། སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་ལྷུག་པོ་གནང་པ་འབྲེལ་ནས་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་ཟིན་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་དབུ་འཛུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།