དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག 

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

རིང་མིན་ཕྱི་ལོ་ ༢༠༢༦ ལོར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བསྟུན། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནམ་ཡིན་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་དགོས་པ་བཞིན། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་སྤྱི་འཐུས་རྣམས་ཀྱི་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་ཤེས་རིག་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་གཉིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་བསྐོ་བཞག་གནང་སོང་།

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༩༧ གྱི་ནང་གསེས་ ༢ པའི་ཀ་པ་དང་ཁ་པ་གཉིས་སུ་གསལ་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་སྲིད་སྐྱོང་བཅས་ནས་བསྐོ་འཛུགས་གནང་བའི་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་དང་བཀའ་ཟུར་ཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས། དེ་བཞིན་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་བཅས་ལས་གྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་མི་ཀ་པའི་ཁོངས་སུ་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། ཤེལ་ལེ་ཀརྨ་ལེགས་བཤད་ལགས་གཉིས་དང་། འོས་མི་ཁ་པའི་ཁོངས་སུ་ཤེས་རིག་དྲུང་ཟུར་སྣང་ས་ཆོས་སྒྲོན་ལགས་དང་འབུམ་རམས་པ་དཀོན་མཆོག་བཙོན་འགྲུས་ལགས་གཉིས་བཅས་ཀྱི་མཚན་གཞུང་དེ་རིང་གྲོས་ཚོགས་སུ་འཆར་འབུལ་ཞུས་པའི་ཐོག སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས། འོས་མི་ཀ་པའི་ཁོངས་སུ་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་ལ་འོས་གྲངས་ ༣༠  དང་། འོས་མི་ཁ་པའི་ཁོངས་སུ་ཤེས་རིག་དྲུང་ཟུར་སྣང་ས་ཆོས་སྒྲོན་ལགས་ལ་འོས་གྲངས་ ༣༢ ཐོབ་པ་དང་འབྲེལ་ནས་ཁོང་གཉིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་བདམ་ཐོན་བྱུང་སོང་། 

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་འོས་བསྡུའི་འགན་འཛིན་ལས་འཕར་འོས་འདེམས་ཀྱི་ལས་རིམ་ཁྲོད། འོས་མི་ཁ་པའི་ཁོངས་སུ་ཡོད་པའི་ཤེས་རིག་དྲུང་ཟུར་སྣང་ས་ཆོས་སྒྲོན་ལགས་ད་ལྟ་རང་ལོ་ ༧༡ སོན་པ་དང་འབྲེལ་ནས། སྤྱི་འཐུས་གཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༩༩ པ་ནང་གསལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཡུན་ཚད་ལོ་ལྔའམ་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོར་ལོན་པ་གང་སྔའི་བར་ཡིན་ཞེས་གསལ་བ་བཞིན། དེ་སྔ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་སྒྲིག་གཞི་ད་གའི་འོག་ནས་འོས་མི་ཁོངས་ནས་ཕྱིར་འཐེན་གནང་དགོས་བྱུང་མྱོང་ཡོད་པ་ལུང་འདྲེན་དང་སྦྲགས་ནས་ལས་རིམ་རྣམ་བཞག་བཏོན་པ་དང་འབྲེལ་ནས་ལས་རིམ་རེ་ཞིག་ཕྱིར་འགྱངས་གནང་དགོས་ཆགས་ཡོད། འོན་ཀྱང་ཉིན་རྒྱབ་ཀྱི་ལས་རིམ་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེ་འབྲེལ་གསལ་བཤད་ཕེབས་པའི་ནང་དུ། དེ་སྔ་འོས་བསྡུ་སྒྲིག་གཞིའི་ནང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གྱི་ལས་ཡུན་ལོ་ ༥ འམ་རང་ལོ་ ༦༥ ཧྲིལ་པོ་ལོན་པ་གང་སྔའི་བར་ཞེས་འཁོད་ཡོད་པ་དང་འབྲེལ། དེ་སྔ་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་མི་གཉིས་རང་ལོ་ ༦༥ བརྒལ་བའི་རྐྱེན་གྱིས་འོས་མི་ནས་ཕྱིར་འཐེན་གནང་བ་དངོས་འབྲེལ་ཡིན་ཡང་། ཕྱིས་སུ་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་སྒྲིག་གཞི་བསྐྱར་གཅོས་ཕྱིན་པའི་ནང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གྱི་འོས་ཆོས་ནང་རང་ལོ་ ༣༥ ཧྲིལ་པོ་ལོན་པ་འཁོད་པ་དེ་རང་སོར་གནས་པ་དང་། འོས་བསྡུ་འགན་འཛིན་ལས་འཕར་གྱི་ཡུན་ཚད་དེ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་འམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་ཡིན་ཞེས་བསྐྱར་བཅོས་གཏན་འབེབས་གནང་བར་གཞིགས་ཏེ། དེ་རིང་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུ་འགན་འཛིན་ལས་འཕར་འོས་མི་ཁ་པའི་མི་འགྲོ་རྣམས་རང་འཇགས་འཇོག་རྒྱུ་ཡིན་པའི་ཐག་གཅོད་དང་འབྲེལ་ནས་ལས་རིམ་མཇུག་སྐྱོང་གནང་ཡོད་པ་རེད།

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤།༢༥ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་གྱི་ལས་རིམ་འཕྲོ་སྐྱོང་གནང་བའི་ནང་དུ། ཕྱི་དྲིལ་ལས་ཁུངས་ཀྱིས་ལས་བསྡོམས་སྤྱི་ཡོངས་ཐོག་བགྲོ་གླེང་ཁྲོད། སྤྱི་འཐུས་ཁག་གཅིག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་གཞུང་ཕྱོགས་ཁག་གིས་རྒྱབ་སྐྱོར་བསྒྲགས་གཏམ་སྤེལ་བའི་གནད་དོན་དང་། རུ་སོག་སྐུ་ཚབ་དོན་ཁང་དེ་བཞིན་ཉེ་ཆར་སྒོ་བརྒྱག་མཚམས་ཀྱི་ཉེན་ཁ་ཕྲད་པ་དང་འབྲེལ་བའི་དྲི་བ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འགྱོགས་མྱུར་བསྐོ་བཞག་དགོས་གལ། བལ་ཡུལ་བོད་མིའི་ནང་མི་ཟླ་སྒྲིལ་དང་འབྲེལ་བའི་ཡིག་ཆའི་དཀའ་ངལ།  ལྷག་དཀར་སྒོར་གཞས་གྱི་བོད་དོན་ཐབས་རྩོད་ནང་དུ་གལ་གནད་བཅས་ཀྱི་སྐོར་ལ་དགོངས་ཚུལ་དང་དྲི་བ་ཕེབས་པར་ཕྱི་དྲིལ་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་ཡོད།

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ཕྱོགས་མཚུངས་དེ་རིང་ཉིན་རྒྱབ་ཀྱི་ལས་རིམ་ཐོག་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤།༢༥ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ སྤྱི་འཐུས་རྒྱུན་ལས་ཀྱི་ལས་བསྡོམས་རྒྱས་པར་དྲི་བ་དྲི་ལན། དེ་བཞིན་སྤྱི་ཡོངས་ཀྱི་བགྲོ་གླེང་གི་ལས་རིམ་གནང་བའི་ཁྲོད་སྤྱི་འཐུས་རྣམ་པའི་ཁྲོད་ནས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ནང་དུ་འཕྲོད་བསྟེན་གྱི་གནས་སྟངས་དང་དགོན་སྡེ་ཁག་གི་ནང་དུ་སྨན་བཅོས་བརྟག་དཔྱད་ཀྱི་མཐུན་རྐྱེན་སྦྱར་དགོས་གལ། དེ་བཞིན་དུས་ཀྱི་འགྱུར་བ་དང་འབྲེལ་ནས་དེང་སྐབས་སེམས་ཁམས་ཀྱི་དཀའ་ངལ་འཕྲད་མཁན་ཇེ་མང་འགྲོ་བཞིན་པའི་སྐོར་སོགས་ཀྱི་ཐོག་ལ་དྲི་བ་བཏང་མཁན་བྱུང་བར་སྲིད་སྐྱོང་མཆོག་གི་ལན་འདེབས་གསལ་བཤད་གནང་ཡོད།

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་བཞིན་དེ་རིང་ལས་ཉིན་མཐའ་མའི་ཐོག་ཁྲིམས་བཟོའི་ལས་དོན་ཁག་གཅིག་གི་ཐོག་ལ་བརྗོད་པ་གསུམ་པ་དང་གཏན་འབེབས་ཀྱི་ལས་རིམ་མཇུག་སྐྱོང་སོགས་གནང་བའི་རྗེས་སུ། མཐར་ཕྱི་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།