fbpx

Tibetan Royal Year of 2149 | Year of the Water Tiber

ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁར་ལྷན་འཛོམས་ཡོང་བའི་རེ་བ་ཡོད།

Must read

More articles

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་པས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་ཡུལ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་གྲངས་བཅུ་ཕྲག་གཅིག་གཉིས་རིང་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་བ་མ་ཚད་པར་སླད་མར་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁར་ལྷན་འཛོམས་ཡོང་བའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་ཡོད། དེ་རིང་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་དང་འབྲེལ་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདིར་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བྱེད་ཚོ་དད་པ་དང་འདུན་པ། ཆིག་སྒྲིལ་གྱི་ཐོག་ནས་ལྷན་འཛོམས་བྱུང་ཡོད་པ་རེད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞིག་ཡིན་སྟབས་ངོས་ཀྱིས་གཉན་འཕྲང་གི་དུས་སྐབས་འདིར་བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་བྱེད་ཐུབ་ཀྱི་འདུག་ཅེས་བཀའ་སྩལ་བ་དང་སྦྲགས་ཏེ། སྔར་གྱི་གཟིམས་ལམ་ཁག་ཏུ་དགུང་གྲངས་བརྒྱ་ཕྲག་ལྷག་བཞུགས་རྒྱུའི་མཚན་མ་བྱུང་དོན་ལྟར་དེ་ལྟར་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པར་བཀའ་བཞེས་བཟང་པོ་སྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ནང་གི་ངལ་བ་ཆེས་འཕྲད་ཀྱི་ལེའུ་དེ་རྫོགས་པ་ལྟ་བུར་གྱུར་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག་འཛམ་གླིང་གི་མི་མང་ཚོའི་དངོས་ཡོད་ཀྱི་གོ་རྟོགས་དེ་རིམ་བཞིན་གོང་འཕེལ་སོང་བ་དང་བསྟུན་སླད་མར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་གི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ངེས་རེད་ཅེས་བཀའ་སྩལ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་བོད་མི་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་རྒྱ་ཆེ་མང་ཚོགས་ཚོས་ངོས་ལ་དགའ་མོས་ཇི་ཙམ་གྱི་ཡོད་པ་དེའི་ཚོད་ཀྱིས་སོ་སོའི་མི་ཚེ་དེ་ཕྲག་དོག་དང་ང་རྒྱལ། འགྲན་སེམས་སོགས་ཀྱི་གཞན་དབང་དུ་མ་སོང་བར་བྱམས་བརྩེ་ལྡན་པའི་མི་ཚེ་ཞིག་སྐྱེལ་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།ལྷག་དོན་༸གོང་ས་མཆོག་གིས་ང་ཚོ་འདིར་རྒྱ་གར་གྱི་ས་ཁུལ་ཞིག་ཏུ་ལྷན་འཛོམས་ཀྱིས་བརྟནབབཞུགས་བསྟར་འབུལ་ཞུས་པ་བཞིན་མ་འོངས་པར་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་རྩེ་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁར་དེ་ལྟར་གནང་རྒྱུ་ཡོང་བའི་ཐུགས་རེ་ཡོད་པ་ལྟར་ཁྱེད་རང་ཚོས་ཀྱང་བརྟན་བཞུགས་ཀྱི་ཚེ་སྒྲུབ་གསུང་འདོན་གནང་དགོས་ཞེས་བཀའ་བཞེས་སྩལ་བཟང་པོ་སྨིན་སྩལ་མཛད་ཡོད།གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་༸ཞབས་སོར་བདེ་བར་འཁོད་པ་དང་འབྲེལ། ཚེས་ ༢༩ ནས་ཚེས་ ༣༡ བར་བོད་མི་གཙོ་བོར་གྱུར་པའི་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ ༦༠ ལྷག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བདུན་ཁྲི་འགལ་བར་བཀའ་ཆོས་སྩལ་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཀྱང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

(Visited 156 times, 1 visits today)

LEAVE A REPLY

Please enter your comment!
Please enter your name here
Captcha verification failed!
CAPTCHA user score failed. Please contact us!

Latest article