Tibetan Royal Year of 2151 | Year of the Wood Dragon

༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཟླ་བ་འདིའི་ཕྱི་ཚེས་ ༤ སྟེ། བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༡༥ ཉིན་༸དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཡོངས་འཛིན་༸སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ ཐོག་བལ་ཡུལ་གནས་མཆོག་སྟག་མོ་ལུས་སྦྱིན་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ་དེ་ཉིན་ཉིན་གུང་ཕྱག་ཚོད་ ༡།༣༠ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བ་དང་། ༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་དགོངས་ལྟར་ཁ་སང་ཕྱི་ཚེས་ ༨ བར་གནས་ཚུལ་དེ་ཡོངས་གྲགས་གནང་མེད་པ་རེད་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་ཁྲ་འགུ་བཀྲ་ཤིས་ཆོས་གླིང་དགོས་པས་༸སྐྱབས་རྗེ་རིན་པོ་ཆེན་མཆོག་གི་ཐུགས་དམ་གྲོལ་བ་དང་བསྟུན་གནས་ཚུལ་དེ་ཡོངས་གྲགས་གནང་བའི་ནང་། རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ བོད་ཟླ་ ༣ ཚེས་ ༡༥ སྟེ། འཕགས་པ་གནས་བརྟེན་འདས་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་སྐུ་ཁམས་མི་བདེ་བའི་ཚུལ་བསྟན་ཞིང་། ཞབས་ཕྱི་སྐུ་འཁོར་རྣམས་ཀྱིས་ནན་ཞུས་ཐོག་སྨན་ཁང་དུ་གདན་དྲངས་ཡོད་པ་དང་། སྐབས་དེར་༸དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་ཞབས་བརྟན་སྨོན་ཚིག་བྱིན་ཆགས་པ་བསྩལ་བ་ཙམ་དུ་མ་ཟད། བཀའ་བརྒྱུད་ཀྱི་བཤད་གྲྭ་དང་དགོན་སྡེ་ཁག་ལ་སྐུའི་རིམ་གྲོ་བསྒྲུབ་དགོས་པའི་བཀའ་ཕེབས་དགོངས་དོན་ལྟར་བོད་ཕྱི་ནང་གཉིས་ཀྱི་འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེས་གཙོས་པའི་རིས་མེད་དགེ་འདུན་གྱིས་སྡེ་དང་། དད་ལྡན་ཞལ་སློབ་མང་པོས་སྐུའི་རིམ་གྲོ་རྒྱ་ཆེར་བསྒྲུབས་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་གྱི་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་རིན་པོ་ཆེ་མཆོག་ལ་༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་དང་ཐུགས་དམ། དེ་བཞིན་མཆོད་འབུལ་སོགས་ཀྱི་གནད་དོན་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་སྙུང་གཞི་མ་བཞེས་པའི་སྔོན་དུ་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་པའི་ངོས་ནས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་གནང་བཞིན་ཡོད་པ་དང་། དེ་གྲུབ་མཚམས་སུ་རིན་པོ་ཆེ་མཆོག་གིས་ཞལ་སློབ་རྣམས་ལ་ཐད་གཏོང་བརྒྱུད་མན་ངག་ལྗགས་ལུང་མཛད་བཞིན་པའི་བར་སྐུའི་སྙུན་གཞི་བཞེས་ཡོད་པ་དང་། དེའི་རྗེས་དེ་འབྲེལ་གནས་ཚུལ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ནས་སྐུའི་རིམ་གྲོ་ཞབས་བརྟན་ཁག་བསྒྲུབ་དགོས་པའི་བཀའ་སྩལ་མཛད་ཡོད་པ་མ་ཟད། ༸དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་གཙོས་བཀའ་བརྒྱུད་ཀྱི་བླ་ཆེན་ཁག་གིས་ཀྱང་ཞབས་བརྟན་ཁག་བསྒྲུབ་དགོས་པའི་བཀའ་དགོངས་བཞིན་དེ་ལྟར་འཐུས་ཚང་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་སྙུང་གཞི་བཞེས་བཞིན་པའི་སྐབས་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། དྲུང་གོོ་ཤྲཱིར་རྒྱལ་ཚབ་རིན་པོ་མཆོག དེ་བཞིན་ཟུར་མང་གར་དབང་རིན་པོ་ཆེ་སོགས་སྨན་ཁང་དུ་ཆེད་ཕེབས་ཀྱིས་ཚེ་དབང་ཚེ་འགུགས་དང་སྐུ་གསུང་ཐུགས་རྟེན་ཕུལ་བ་བཅས་ཀྱིས་ཐུགས་སྨོན་རྒྱ་གང་ཆེ་གནང་ཡོད་པར་བཀའ་དྲིན་ཆེ་ཆེར་བྱུང་ཡོད་པ་སོགས་གསུངས་སོང་།

ད་དུང་ཆོས་རྗེ་རིན་པོ་ཆེ་མཆོག་གིས་༸སྐྱབས་རྗེ་ཡོངས་འཛིན་ཁོང་དགོངས་པ་གཞན་དོན་དུ་གཤེགས་རྗེས་ཁ་སང་ཕྱི་ཚེས་ ༨ བར་ཐུགས་དམ་བཞུགས་ཡོད་པ་དང་སྐབས་དེར་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྙན་སེང་བཀའ་དགོངས་ལྟར་ཉིན་ཤས་རིང་དྲ་ལམ་དུ་གསལ་བསྒྲགས་གནང་མེད་པ་དང་། ༸རྒྱལ་དབང་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྐུ་ཚིགས་དང་པོར་མི་འཁྲུགས་ལྷ་དགུ། སྐུ་ཚིགས་གཉིས་པར་གནམ་ཆོས་འོད་དཔག་མེད་ཀྱི་ཆོ་ག་འདོན་དགོས་པའི་བཀའ་དགོངས་ལྟར་དེ་ལྟར་གནང་མུས་ཡིན་པ་མ་ཟད། སྐུ་ཚིགས་རྗེས་མ་རྣམས་རིམ་པས་བཀའ་དགོངས་ཕེབས་དོན་ལྟར་གནང་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༣ ལོར་བོད་ཁམས་ཕྱོགས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔ་ལ་ཕེབས་སྐབས་༸དཔལ་༸རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་དང་ཏཱའི་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ་མཆོག་རྣམ་གཉིས་ཀྱི་ངོས་འཛིན་གནང་སྟེ། ཁམས་ཁྲ་འགུ་དགོན་པའི་ཆོས་སྒོར་བཞུགས། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་བྱེས་སུ་ཕེབས་འབྱོར་བྱུང་བ་དང་། དགུང་ལོ་ ༣༥ ཐོག་སྦག་ས་ཆོས་སྒར་དུ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པ་མ་ཟད། ༸རྒྱལ་དབང་༸ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་ནས་མཁན་ཆེན་གྱི་མཚན་གནས་ཀྱང་སྩལ་ཡོད་པ་རེད། རིམ་པས་སི་ཏུ་རིན་པོ་ཆེ་དང་ཞྭ་དམར་རིན་པོ་ཆེ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་སོགས་ཀྱི་ཡོངས་འཛིན་གནང་བའི་ཁར། ཕྱི་ལོ་ ༢༠༠༠ ཐམ་པའི་ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཕེབས་དགོངས་དོན་བཞིན། ༸དཔལ་༸རྒྱལ་དབང་༸ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡོངས་འཛིན་གནང་ཡོད་པ་རེད།

གཞི་རྩའི་ཁ་སང་ཕྱི་ཚེས་ ༨ ཉིན་༸སྐྱབས་རྗེ་ཡོངས་འཛིན་མཆོག་ཐུགས་དམ་གྲོལ་བ་དང་བསྟུན། ༸དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ངོ་དེབ་ཐོག་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་ཀྱིས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།