Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌས་རྒྱ་ནག་གི་གཞུང་ཚབ་མི་སྣ་ཕྱིར་འབུད་བཏང་བར་རྒྱ་ནག་གིས་འཁོན་ལན་སློག་པ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁེ་ན་ཌ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་དཔོན་རིགས་ Zhao Wei ཟེར་བ་ཞིག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Chong ལགས་དང་ཁོང་གི་ནང་མི་བཅས་པར་ཆེད་དམིགས་ཀྱིས་གསང་ཉུལ་བྱས་པ་ར་འཕྲོད་བྱུང་བའི་ཁྲོད་ཁེ་ན་ཌ་གཞུང་གིས་ཁ་སང་ Zhao Wei ཟེར་བར་ Persona Non Grata ཞེས་དགག་བྱ་ཡོད་པའི་གང་ཟག་ཞིག་ལ་ངོས་འཛིན་གྱིས་ཡུལ་དེ་ནས་ཕྱི་འབུད་བཏང་ཡོད་པ་ལྟར། དེ་རིང་རྒྱ་ནག་གཞུང་གིས་དེར་འཁོན་ལན་གྱི་ཚུལ་དུ་ Sanghai ནང་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་ཀྱི་དཔོན་རིགས་ལྕམ་སྐུ་ Jennifer Lynn Lalonde ལགས་ཀྱང་དགག་བྱ་ཡོད་པའི་གང་ཟག་ཞིག་ལ་འགྲེལ་བརྗོད་དང་འབྲེལ་ཕྱིར་འབུད་གཏང་རྒྱུ་ཡིན་ཞེས་བཤད་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Mélanie Joly ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ Zhao Wei ཟེར་བ་སླར་ཁེ་ན་ཌར་ཡོང་མི་ཆོག་པ་དང་། ཁོང་གིས་ཐག་གཅོད་དེ་ལྟར་གནང་བ་དེ་དགོངས་པ་གཟབ་ནན་བཞེས་ཡོད་ཅེས་གསུངས་འདུག་པ་དང་ཆབས་ཅིག ཁོང་གིས་རྒྱ་ནག་གཅིག་པོ་ཙམ་མིན་པར་ཕྱི་འབྲེལ་མི་སྣ་གང་ཟག་སུས་ཀྱང་དེ་ལྟར་བྱས་ཚེ་བཟོད་ཡངས་མེད་ཅེས་བརྡ་ལན་གནང་བར་མ་ཟད། དེ་རིགས་ཀྱི་གནས་ཚུལ་འཕྲད་མ་ཐག་ཕྱིར་སློག་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་ལས་ད་ལྟའི་ཆར་ཕྱིར་སློག་གི་དུས་ཚོད་ནམ་ཡིན་སོགས་གཏན་ཁེལ་གནང་མི་འདུག

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་བསྒྲགས་གཏམ་སྤེལ་མ་ཐག་རྒྱ་ནག་གཞུང་གིས་ཁེ་ན་ཌའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གདལ་བཤིག་བཏང་བར་སྐྱོན་བརྗོད་ཀྱི་ལན་འདེབས་བྱས་འདུག་པར་མ་ཟད། སླད་མར་དེ་འབྲེལ་ལན་འདེབས་ཁུངས་འཕེལ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་དེ་རིང་བསྒྲགས་གཏམ་ཞིག་སྤེལ་ཏེ་ Shanghai ནང་གི་ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་ཀྱི་དཔོན་རིགས་ལྕམ་སྐུ་ Jennifer Lynn Lalonde ལགས་ཟླ་ ༥ ཚེས་ ༡༣ གོང་ལ་རྒྱ་ནག་ནས་ཕྱིར་ཐོན་དགོས་ཞེས་བཀོད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁེ་ན་ཌའི་བརྒྱུད་ལམ་དང་ཆབ་སྲིད་མི་སྣ་ཁག་གཅིག་གིས་གནས་ཚུལ་རྫུན་བཟོ་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་དང་འབྲེལ་སླད་མར་ཁེ་ན་ཌ་གཞུང་གིས་འདི་ལྟ་བུའི་འགན་ཁུར་མེད་པའི་བྱ་སྤྱོད་རིགས་མུ་མཐུད་སྤེལ་ཚེ་རྒྱ་ནག་གིས་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་རྒོལ་ལན་ནན་པོ་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རྩ་བའི་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Chong ལགས་ཀྱིས་ཕྱི་ལོ་ ༢༠༢༡ ལོར་ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མི་རིགས་རྩ་བརླག་གཏོང་བཞིན་ཡོད་པའི་གྲོས་ཆོད་གྲོད་འཆར་བསྣམས་ཕེབས་རྗེས། རྒྱ་ནག་གཞུང་གིས་དུས་དེ་ནས་བཟུང་སྟེ་ཁོང་ལ་མངོན་ལྐོག་ཅི་རིགས་ཀྱི་ཐོག་ནས་གསང་ཉུལ་ནན་པོ་བྱ་འགོ་བཙུགས་པ་དང་ལྷག་དོན་ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱི་མྱུལ་ཞིབ་ཁྲོད་རྒྱ་གཞུང་གིས་ཁོང་ལ་ལྟ་སྲུང་ནན་པོ་བྱས་པ་མ་ཚད་པར་ཧོང་ཀོང་ནང་དུ་གནས་བཞུགས་ཁོང་གི་ནང་མི་སྐུ་འཁོར་བཅས་པར་ཉེན་བརྡ་དང་འཇིགས་སྐུལ་བྱས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བའི་རྒྱབ་ཏུ་ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དཔོན་རིགས་ Zhao Wei ཡི་ལག་འབྲེལ་ཡོད་པ་དངོས་ར་གསལ་འཕྲོད་ཐུབ་འདུག

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Mélanie Joly ལགས་ཀྱིས་ Zhao Wei ཟེར་བ་ཁོ་པ་ཁེ་ན་ཌ་ནས་ཕྱིར་འབུད་གཏང་རྒྱུའི་བསྒྲགས་གཏམ་སྤེལ་རྗེས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Chong ལགས་ཀྱིས་ཁེ་ན་ཌ་གཞུང་གི་ངོས་ནས་ཐག་གཅོད་དེ་ལྟར་གནང་བར་ལོ་གཉིས་འགོར་བར་བློ་ཕམ་ཆེན་པོ་བྱུང་ཞེས་དང་ལྷག་དོན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་དེ་གསར་ལམ་བརྒྱུད་ནས་མ་གཏོགས་ཤེས་རྟོགས་བྱུང་མེད་སྟབས་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་གི་གཞུང་ནས་ཕྱག་ལས་གནང་གི་མེད་པར་སྐྱོན་བརྗོད་ཀྱང་གནང་འདུག

གཞི་རྩའི་དེ་སྔོན་རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ Gayle ལགས་དང་ཚོགས་གཞོན་ Tony Perkins ལགས་གཉིས་དང་། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael Chong ལགས་བཅས་ལ་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་སྡོམ་གྱི་སྲིད་དོན་ཉེས་ཆད་བཀལ་ཡོད་པ་ལྟར་སྐུ་ཞབས་ Chong ལགས་ཀྱིས་སྐབས་དེར་སྒེར་གྱི་དྲ་ལམ་ཐོག་ཁོང་ལ་རྒྱ་ནག་གིས་སྲིད་དོན་ཉེས་ཆད་བཀལ་བ་དེ་ནི་བྱས་རྗེས་ཀྱི་གཟེངས་རྟགས་ཤིག་ལ་ངོས་འཛིན་གནང་གི་ཡོད་པས་རང་དབང་ལུང་པར་བཞུགས་མཁན་ཚོས་སྡུག་རྩུབ་མནར་གཅོད་འོག་ངལ་བ་ཆེས་ཆེར་མྱོང་མཁན་རྣམས་ཀྱི་ཆེད་དུ་ངེས་པར་དུ་བཞེངས་དགོས་ཞེས་གསུངས་ཡོད་པ་རེད།

སྤྱིར་ཁེ་ན་ཌ་གཞུང་གིས་དེ་སྔ་རྒྱལ་ཁབ་གཞན་གྱི་གཞུང་ཚབ་མི་སྣ་ཕྱིར་སློག་གམ་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་མྱོང་ཡོད་པ་དང་། དེའང་ཕྱི་ལོ་ ༢༠༡༨ ལོར་དུག་བཏབ་པའི་གནད་དོན་དང་འབྲེལ་ཏེ་ཨུ་རུ་སུའི་གཞུང་ཚབ་པ་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།