Tibetan Royal Year of 2151 | Year of the Wood Dragon

གོ་ལའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་གོ་སྐབས་གཉིས་ཀར་དོ་སྣང་ཆེ་ཙམ་གནང་དགོས། 

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༢༢ སྟེ་གོ་ལའི་ཉིན་མོ་དང་བསྟུན་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་འདུག་པར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མཆེད་གྲོགས་ཕོ་མོ་ཡོངས་ལ་རང་ཅག་ཐུན་མོང་གི་རྟེན་གཞིར་གྱུར་པའི་གོ་ལ་འདིའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་གོ་སྐབས་གཉིས་ཀར་དོ་སྣང་ཆེ་ཙམ་གནང་དགོས་པའི་གཞེན་སྐུལ་ལམ་སྟོན་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ནང་ཟླ་བ་དང་སྐར་མ་རྣམས་མཐོང་སྣང་ལ་མཛེས་ཀྱང་། དེ་དག་གི་སྟེང་འཚོ་ཐབས་བྱས་ན་དཀའ་ངལ་ཡོང་གི་རེད་ཅེས་ངོས་ཀྱིས་རྩེད་མཚར་དང་སྦྲགས་ཡང་ཡང་བཤད་ཡོད་པ་དང་ལྷག་དོན་སའི་གོ་ལ་འདི་ནི་ཡིད་དུ་འོང་བའི་རང་རེའི་རྟེན་གཞི་ཞིག་ཡིན་ལ། འདིའི་འཚོ་གནས་དང་འདིའི་མ་འོངས་པ་ང་ཚོའི་འཚོ་གནས་དང་ང་ཚོའི་མ་འོངས་པ་ཡིན་པ་མ་ཟད། སའི་གོ་ལ་འདི་ནི་ཨ་མ་དང་འདྲ་སྟེ། བུ་ཕྲུག་རྣམས་ཨ་མ་ལ་བརྟེན་པ་དང་མཚུངས་པར་ང་ཚོའང་གོ་ལ་འདིར་བརྟེན་ཡོད། དེས་ན་ད་ཆ་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་། རང་བྱུང་བླ་བྲེ་ཉམས་རྒུད་དུ་སོང་སྟེ་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་པའི་དུས་སྐབས་འདིར་ཚོགས་སྒེར་བྱེ་བྲག་པ་དང་། རྒྱལ་ཁབ་རེ་ཟུང་ཞིག་གིས་ཕན་རླབས་ཐོན་དཀའ་བས། ང་ཚོས་མཉམ་རུབ་ཀྱིས་ལས་དོན་མ་སྒྲུབ་པར་ཐབས་ལམ་གཞན་རྙེད་དུ་མེད། མ་ཡུམ་གོ་ལ་འདིས་ཀྱང་གཅིག་གྱུར་གྱི་འདུ་ཤེས་སློབ་སྟོན་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ཆུའི་དཀའ་ངལ་ལྟ་བུ་ལ་མཚོན་ན། སྔར་དང་མི་འདྲ་བར་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་སྤྱི་དང་། ལྷག་པར་མ་དང་བྱིས་པ་རྣམས་ལ་ཆུས་མི་ལྡང་བ་སོགས་ཀྱིས་འཕྲོད་བསྟེན་ལ་དཀའ་ངལ་ཆེ་བ་དང་། དཀའ་ངལ་འདི་དག་ལྡོག་ཐབས་ཡོད་པ་ཞིག་ཡིན་ཡང་། འཛམ་གླིང་སྤྱིའི་མི་འབོར་ཐེར་འབུམ་གཉིས་ཙམ་ལ་གཞི་རྩའི་མཐུན་རྐྱེན་ལྡང་ངེས་མེད་པའི་དཀའ་ངལ་འདི་རིགས་འཕྲད་བཞིན་པ་ནི་སེམས་འཚབ་སྐྱེ་གཞི་ཞིག་ཡིན། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཛ་དྲག་ངང་སྤེལ་དགོས་པའི་སྐུལ་མ་གནང་བ་ལ་ཡི་རངས་ཡོད་ཅེས་བཀའ་སྩལ་འདུགདེ་དེ་བཞིན་གཅིག་ལ་གཅིག་རྟེན་ནི་དངོས་པོའི་ཆོས་ཉིད་ཡིན་ལ། ཆོས་ཉིད་འདི་མ་རྟོགས་པའི་དབང་གིས་རང་བྱུང་ཁོར་ཡུག་ཙམ་དུ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་ལའང་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། རང་རེ་འགྲོ་བ་མིས་ངེས་པར་དུ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་པ་དང་། རང་གཞན་ཚང་མས་རང་ཉིད་གཅིག་པུ་དང་། ཁྱིམ་ཚང་། རྒྱལ་ཁབ་བྱེ་བྲག་པ་ལྟ་བུ་ཕྱོགས་རེ་བའི་དོན་ཙམ་མ་ཡིན་པར་འགྲོ་བ་མི་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་ཞེས་བཀའ་བསྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་འདི་དང་འབྲེལ་བ་ཡོད་པ་ཞིག་ལ་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གོ་སྒྲིག་འོག་གོ་ལའི་ཉིན་མོ་དང་བསྟུན་ཏེ་འཛམ་གླིང་གི་དབུ་ཁྲིད་རྣམ་པས་ཁོར་ཡུག་གི་དཀའ་ངལ་ཐད་བགྲོ་གླེང་གནང་རྒྱུ་ཡིན་པ་ལ་དགའ་བསུ་ཡོད་པར་བཀའ་སྩལ་མཛད་པ་མ་ཟད། གལ་ཏེ་གོ་ལ་འདི་མུ་མཐུད་དེ་གནས་དགོས་ན། ཁོར་ཡུག་གི་ཤེས་བྱ་དང་། དོ་བདག་རང་ཉིད་ལ་འཁྲི་བའི་ལས་འགན་གྱི་ཤེས་རྟོགས་གང་མཐོར་གཏོང་དགོས་ལ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཉིན་རེའི་བྱ་གཞག་གི་ཆ་ཤས་གལ་ཆེན་ཞིག་ཆགས་ཐབས་བྱ་དགོས་གལ་ཆེ་བར་ལམ་སྟོན་སྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐར་རང་ཅག་ཐུན་མོང་གི་ཁྱིམ་གཞི་ལྟ་བུའི་མཛེས་སྡུག་ལྡན་པའི་གོ་ལ་འདིར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་སུ་རང་རང་གི་འཁོས་བབ་དང་བསྟུན་ཏེ་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་དགོས་པའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག

དེའི་ཁྲོད་ཁ་སང་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དབུས་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་བརྒྱ་ཐམ་པ་ལྷན་དུ་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་གཙོ་སྐྱོང་གནང་རྒྱུའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཆེས་མཐོའི་ལྷན་ཚོགས་ལ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་དཀའ་ངལ་ལས་ཐར་ཐབས་སུ་ས་འོག་གི་ནུས་པའི་ཐོན་ཁུངས་བེད་སྤྱོད་བཀག་འགོག་དགོས་པའི་འབོད་སྐུལ་གྱི་ཞུ་ཡིག་ཅིག་ཀྱང་ཕུལ་འདུགདེ་རིང་གོ་ལའི་ཉིན་མོ་དང་བསྟུན་སྲིད་འཛིན་བྷ་ཌན་མཆོག་གིས་གཙོ་སྐྱོང་གནང་ཐོག་རྒྱལ་སྤྱིའི་ཡུལ་གྲུ་ཁག་ ༤༠ ཐམ་པའི་དབུ་ཁྲིད་ཚོ་དང་ལྷན་དུ་དྲ་ལམ་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཆེས་མཐོའི་ལྷན་ཚོགས་ཤིག་སྐོང་ཚོགས་ཡོད་པ་དང་བསྟུན། ཉིན་གཅིག་སྔ་སྣུར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཞན་ ༡༠༠ ཐམ་པས་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་ཐུགས་འཚབ་ཀྱི་ཕྱག་ཡིག་ཅིག་ལ་མཚན་རྟགས་བཀོད་པའི་གནས་ཚུལ་ཞིག་ཐོན་པར་ཀར་བོན་འཚོ་རླུང་དེ་བརྒྱ་ཆ་བརྒྱད་ཅུ་ཙམ་རྡོ་སོལ་མེར་བསྲེགས་གནང་བ་ལས་བྱུང་གི་ཡོད་སྟབས་དེ་དག་བཀག་འགོག་ཐད་ལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་འགན་ཁུར་ནས་ནུས་པ་ལྡན་པའི་མདུན་སྐྱོད་གནང་དགོས་པ་དང་ལྷག་དོན་ས་འོག་གི་ནུས་པའི་ཐོན་ཁུངས་དེ་དག་བེད་སྤྱོད་བཀག་འགོག་གཙང་མ་ཞིག་གནང་རྒྱུ་ད་རེས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ཚོགས་ཆེན་དེས་འགན་འཁུར་དགོས་པའི་གཞེན་སྐུལ་གྱི་ཕྱག་ཡིག་སྩལ་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།