བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་དང་ལན་འདེབས་གསལ་བཤད་ནང་པའི་ཁྲོད། སྤྱི་འཐུས་རྣམ་པས་ཉམ་ཐག་དང་ས་ཁང་སྒྲིག་གཞི། རྒན་གསོ་ཁང་སོགས་ཀྱི་ཐད་ནང་སྲིད་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།

ཁ་སང་ཉིན་རྒྱབ་ཀྱི་གྲོས་ཚོགས་ཚོགས་དུས་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་བསྡོམས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བླངས་ཡོད། སྤྱི་འཐུས་ཁག་ཅིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཉམ་ཐག་ཞིབ་འཇུག་ཚད་ལྡན་ཞིག་གནང་དགོས་པའི་སྐོར་དགོངས་ཚུལ་དང་། དེ་བཞིན་སྒྲིག་འཛུགས་ནས་ཉམ་ཐག་གི་ཚད་འཛིན་ས་དེ་ག་རེ་ཆགས་མིན་གྱི་དྲི་བ་སོགས་ཕུལ་སོང་བར། ནང་སྲིད་བཀའ་བློན་མཆོག་གིས་ཉམ་ཐག་ཞིབ་འཇུག་སླད་སྒྲིག་འཛུགས་ནས་ནང་ཤེས་འཕྲོད་གསུམ་གྱི་གནས་རིམ་མཐོ་བའི་ལས་བྱེད་གསུམ་ས་གནས་སུ་ཕེབས་ནས་ཞིབ་འཇུག་གིས་དེ་འབྲེལ་སྙན་ཐོ་བཀའ་ཤག་ལ་ཕུལ་ཟིན་ཏེ་ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གི་ཉམ་ཐག་རྣམས་ལ་སྐབས་འཕྲལ་དཀའ་ངལ་སེལ་རྒྱུ་གཙོས་འཚོ་རྟེན་ཕུགས་འཕེར་དང་འཕྲོད་བསྟེན་ཡར་རྒྱས། ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཞིག་ལོངས་སུ་སྤྱོད་ཐུབ་རྒྱུར་མཐུན་རྐྱེན་ཞུ་མུས་ཡིན་པ་གསུངས་སོང་།
འོན་ཀྱང་སྤྱི་འཐུས་ཞིག་གིས་ཉམ་ཐག་གི་དཀའ་ངལ་དེ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ལ་ངོས་འཛིན་གྱིས་ད་ལོ་བྱམས་བརྩེའི་ལོ་དང་བསྟུན་བོད་མིའི་ཚོགས་སྐྱིད་དང་ལུང་ཁུངས་སོ་སོའི་ངོས་ནས་ནང་སྲིད་ནང་ཡོད་པའི་ཉམ་ཐག་རྣམས་ལ་རོགས་སྐྱོར་གནང་སྟེ་ལོ་རེ་རེ་ཉམ་ཐག་རེ་དེའི་གནས་བབ་ལས་གྲོལ་ཐབས་གནང་རྒྱུའི་ཐད་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་།
དེ་རིང་གི་གྲོས་ཚོགས་སུ་ད་དུང་སྤྱི་འཐུས་རེ་བཟུང་གིས་བལ་ཡུལ་ནང་གི་བོད་མི་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་མེད་པའི་དཀའ་ངལ་དང་དེ་འབྲེལ་གཞིས་ཆགས་ཀྱི་ས་ཁང་ཁག་རིམ་པའི་སྟོང་པ་གྱུར་རྒྱུའི་ཉེན་ཁ་ཡོད་པར་ཐུགས་འཚབ་དང་སྦྲགས་དེའི་ཐད་དགོངས་པ་ག་རེ་བཞེས་ཡོད་མིན་དང་། དེ་བཞིན་བཀའ་ཤག་ངོས་ནས་བལ་ཡུལ་གཞུང་དང་འབྲེལ་བ་གནང་དགོས་གལ་སོགས་ཀྱི་སྐོར་དགོངས་ཚུལ་བཏོན་པར། ནང་སྲིད་བཀའ་བློན་མཆོག་གིས་བཀའ་ཤག་ངོས་ནས་བལ་ཡུལ་བོད་མིའི་དཀའ་ངལ་ཁག་ལ་ཤེས་རྟོགས་གསལ་པོ་ཡོད་ཀྱང་། འཛམ་གླིང་སྤྱིའི་ཆབ་སྲིད་གནས་སྟངས་དང་། ལྷག་པར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཁྲོད་དེ་འབྲེལ་དཀའ་སེལ་ཐབས་ལམ་འདོན་རྒྱུ་ཁག་པོ་ཆགས་ཡོད་མེད་ལ་མ་ལྟོས་པར་གཞུང་སོ་སོ་དང་གཞུང་ཚབ་ཁག་བརྒྱུད་འབྲེལ་བ་སྔར་ལྷག་གནང་མུས་ཡིན་ཞིང་། རྒྱ་ཆེ་ས་ནས་གནས་སྟངས་ལ་འགྱུར་བ་ཐེབས་དགོས་པའི་དཀའ་ལན་ཕེབས་སོང་།
དེ་བཞིན་ཉེ་ལམ་ཀུ་ལུ་ཁྱབ་ཁོངས་བོད་མིའི་གཞིས་ཁག་ནང་ཆུ་ལོག་གི་དཀའ་ངལ་འཕྲད་པའི་གནད་དོན་དང་འབྲེལ་ལོ་ལྟར་ཆར་ཞོད་རྐྱེན་པས་བོད་མི་འདུ་སྡོད་ས་གནས་ཁག་གཅིག་ལ་གནོད་ཚབས་བྱུང་གི་ཡོད་པ་དེར་ནང་སྲིད་ལས་ཁུངས་ནས་ཕུང་རྒྱང་རིང་པོའི་དཀའ་སེལ་ཐབས་ལམ་འཚོལ་ཕྱིར་ཀུ་ལུ་ཁྱབ་ཁོངས་ས་གནས་བོད་མི་རྣམས་གཞིས་སྤོས་ལས་གཞིའི་ཐོ་གཞུང་ནང་འཇུག་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

བགྲོ་གླེང་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་ཁག་ཅིག་གིས་རྒས་གསོ་ཁང་སོ་སོའི་ནང་ལས་འཆར་ཇི་སྤེལ་དང་འབྲེལ་མོན་གྷོ་རྒས་གསོ་ཁང་གི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་པར་ངེས་པར་བཟང་དུ་གཏོང་དགོས་པ་དང་དེའི་ཁྲོད་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་དང་འབྲེལ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཞིག་ཐོན་བཞིན་པར་ཞིབ་འཇུག་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་སོང་ལ། ཡང་སྤྱི་འཐུས་གཅིག་གིས་གོང་ཞུས་གནད་དོན་དེ་ལས་འཕྲོས་ཏེ་མོན་གྷོ་དང་དྷ་ས་རྒས་གསོ་ཁང་གི་འགན་འཛིན་གཉིས་པོ་ལས་གནས་ནས་འཕོ་འགྱུར་གཏང་ནས་འགན་འཛིན་དེ་གཉིས་ཀྱི་ཚབ་ཏུ་གཞོན་སྐྱེས་ཤིག་དང་རབ་བྱུང་ན་དགེ་འདུན་པ་ཞིག་བསྐོ་གཞག་ཐུབ་ཚེ་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པ་གསུངས་སོང་།
མ་ཟད་སྤྱི་འཐུས་ཁག་ཅིག་གིས་གླེང་སློང་གནང་བའི་གནད་དོན་གཞན་ཞིག་ནི་དེ་སྔ་ནང་སྲིད་ལས་ཁུངས་ནས་བོད་མིའི་གཞིས་ཆགས་ཁག་ཏུ་ས་ཁང་བདག་གཉེར་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལག་བསྟར་དགོས་པའི་བཀོད་ཁྱབ་རིམ་པ་བཏང་ཡོད་ཀྱང་དུས་ད་ལྟའང་ས་ཆ་མང་དག་ཞིག་ཁྱིམ་མཚེས་ཡུལ་རྣམ་པར་བོག་གཏོང་གནང་བཞིན་པར་ཐུགས་འཚབ་དང་འབྲེལ། དེར་ནང་སྲིད་ནས་ངེས་པར་དུ་དགོངས་བཞེས་ཐོག་དོ་ནན་ཞིག་མ་གནང་ཚེ་དེས་མ་འོངས་གཞིས་ཆགས་ཡུལ་མི་དང་བོད་མི་དབར་འཁྲུག་རྩོད་ཡོང་རྒྱུའི་གཞི་རྩར་འགྱུར་སྲིད་པ་གསུངས་སྐབས། ནང་སྲིད་བཀའ་བློན་མཆོག་གིས་དེ་ནི་གཙོ་བོ་གཞིས་སྒར་ནང་ཡོད་པའི་བོད་མི་རང་ངོས་ནས་དགོངས་པ་བཞེས་དགོས་པ་མ་གཏོགས་རང་ཉིད་ཀྱི་ས་ཞིང་དག་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཡུལ་མི་དང་ཕྱི་མི་གཞན་སུ་ལའང་ཚོང་འགྲེམས་གནང་ཚེ་མ་འོངས་ས་ཆ་དང་འབྲེལ་ནས་དཀའ་ངལ་ཅི་རིགས་འབྱུང་བར་བཀའ་ཤག་ནས་རོགས་སྐྱོར་གནང་རྒྱུ་མིན་ཞེས་ཚིག་ཐག་ཆོད་པའི་གསུངས་སོང་།
དེ་མིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་བགྲོ་གླེང་ཁྲོད། སྤྱི་འཐུས་ཕལ་ཆེ་བས་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་ལས་དོན་ཆེ་ཁག་སྤེལ་བཞིན་པའི་ཁོངས། བོད་མི་གཞིས་སྤོས་ལས་གཞི་དེ་ཆགས་ཀྱི་ཡོད་པ་དང་ད་ལྟའི་བཀའ་ཤག་ངོས་ནས་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ལས་གཞི་འམ་གཞིས་སྤོས་ལས་གཞི་འོག་ད་བར་བྱེས་འབྱོར་བོད་མི་རྣམས་དང་། གཞིས་སྐལ་མ་ཐོབ་པའི་ཁ་འཐོར་བོད་མི་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་སྦྱོར་མུས་ཡིན་པར་བསྔགས་བརྗོད་དང་སྦྲགས། ལས་གཞི་འདི་མུ་མཐུད་རྒྱུན་སྐྱོང་གནང་རོགས་ཞེས་དང་གཞན་ཡང་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱེས་ལྡན་སོ་ནམ་གྱི་གྲུབ་འབྲས་ཇི་ཐོན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཁག་གི་ད་ལྟའི་གནས་བབ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་དྲི་བ་དྲི་ལན་ཕེབས་སོང་།

རྩ་བའི་དེ་རིང་སྔ་དྲོ་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་མ་གནང་གོང་བཀའ་ཤག་སྐབས་བཅུ་དྲུག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་སྤྱིའི་སྡིངས་ཆར་བོད་དོན་ལས་འགུལ་འདྲ་མིན་སྤེལ་ཆེད་དྭང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་རུ་ཁག་ཅིག་གསར་འཛུགས་གནང་བ་དེ་འབྲེལ་སྐར་རྟགས་ཅན་གྱི་དྲི་བ་ལྔ་ཕུལ་སོང་བར་ཕྱི་དྲིལ་བཀའ་བློན་མཆོག་གིས་དེ་དག་ལ་བཀའ་ལན་གནང་རྗེས་སྤྱི་འཐུས་རྣམ་པས་མུ་མཐུད་འཕྲོས་དོན་བཀའ་འདྲི་ཁག་ཅིག་ཕུལ་སོང་།




