Tibetan Royal Year of 2151 | Year of the Wood Dragon

ཉི་ཧོང་དང་ཡུ་རོབ་ཁུལ་དུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

སང་ཉིན་ཕྱི་ཟླ་ ༧ ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན། ཉིན་ཧོང་དང་ཡོ་རོབ་ཁུལ་གྱི་ས་གནས་ཁག་ཅིག་ཏུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགཁ་ཉིན་རེས་གཟའ་སྤེན་པའི་ཉིན་ད་ལྟའི་ཏོག་དབྱིབས་མཉན་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དྲ་ཐོག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། སྲུང་བརྩིའི་མཛད་རིམ་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nagao Takashi ལགས་དང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Makino Seishu ལགས། དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ལྷོ་ཀོ་རི་ཡའི་བོད་མི་རྣམ་པའི་སྐུ་ཚབ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་སོགས་ལྷན་ཞུགས་གནང་འདུག

སྐབས་དེར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nagao Takashi ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ཉི་ཧོང་གི་ངོས་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་ལྷན་དུ་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་བ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རེ་འདུན་གནང་བཞིན་པ་ལྟར་བོད་དང་ཡུ་གུར། ནང་སོག ཧོང་ཀོང་བཅས་ཀྱི་ནང་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པར་གསུངས་འདུག

དེ་བཞིན་སྐུ་ཞབས་ Makino Seishu ལགས་ཀྱིས་དེ་སྔ་ལོ་བདུན་ཙམ་གྱི་གོང་ལ་ཁོང་ཉིད་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་སྐབས་༸གོང་ས་མཆོག་ལ་དགུང་ལོ་བརྒྱ་ལྷག་བཞུགས་རོགས་ཞེས་གསོལ་འདེབས་ཞུས་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དགུང་ལོ་༡༠༠ ཙམ་མིན་པར་ ༡༡༣ བཞུགས་རྒྱུ་ཡིན་ཞེས་བཀའ་ལན་མཛད་པ་དྲན་གསོ་དང་སྦྲགས། ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་མགོན་པོ་༸གང་ཉིད་མཆོག་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་དུ་༸སྐུ་ཚེ་རྟག་པའི་རང་བཞིན་དུ་གཏན་པའི་སྨོན་འདུན་ཞུས་འདུག

༸གོང་ས་མཆོག་གིས་དུས་རྟག་ཏུ་འཚེ་མེད་ཞི་བ་དང་གྲོས་མོལ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་མཛད་བཞིན་པར་ཡི་རང་ཞུས་ཏེ་ཁོང་དང་ཐད་ཀར་འབྲེལ་བ་ཡོད་པའི་བོད་སྐྱོབ་འབྲེལ་མཐུད་ཚོགས་པ་དང་འགྲོ་བ་མིའི་མིའི་ཐོབ་ཐང་ཚོགས་པ་ཁག་ནས་མུ་མཐུད་བོད་མིའི་རང་དབང་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་གསུངས་འདུག

གཞན་ཡང་སྐབས་དེར་ཉི་ཧོང་སྐུུ་ཚབ་དོན་གཅོད་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་དོན་ལྟར་༸སྐུའི་ཁྲུངས་སྐར་ཉིན་གྱི་ཕྱག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་རྒྱུ་དེ་ཡིན་སྟབས། བོད་མིས་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་ཕྱག་བསྟར་གནང་རྒྱུ་དང་ལྷག་པར་དུ་ཐེངས་འདིའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་སྤྱན་རང་གཟིགས་ཀྱི་གཟུངས་སྔགས་ཆིག་སྟོང་རེ་གསོག་སྒྲུབ་གནང་རོགས་ཞེས་གསུངས་འདུག

སྐབས་དེར་དགེ་བཤེས་བསྟན་འཛིན་ནམ་མཁན་ལགས་དང་བསྟན་འཛིན་ཀུན་དགའ་ལགས་གཉིས་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོ་སོ་ནང་ཡོད་པའི་བོད་མི་རྣམས་ཀྱི་སྐུ་ཚབ་གནང་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་འདུགདེ་བཞིན་ཁ་ཉིན་སྐུ་མགྲོན་གཙོ་བོ་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དབུ་བཞུགས་ཐོག་སྦེལ་ཇམ་བོད་རིགས་རྣམས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག་པ་དང་། གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ས་གནས་མི་མང་ ༢༥༠ ཙམ་ལས་འདུ་འཛོམས་ཐུབ་མེད་པ་དང་སྐུ་ཚབ་དོན་གཅོད་མཆོག་ནས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་འབྲེལ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོ་ངོ་སྤྲོད་གནང་བ་དང་། ༸གོང་ས་མཆོག་གི་དགོངས་གཞི་དེ་དག་ང་ཚོའི་ཉིན་རེའི་མི་ཚེ་ནང་ལག་བསྟར་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་པ་སོགས་གསུངས་འདུགཡོ་རོབ་རྒྱལ་ཁབ་ཕ་རན་སིར་ཁ་སང་རེས་གཟའ་ཉི་མ་དང་བསྟུན་ས་གནས་བོད་མི་རྣམས་ནས་སྔ་ཐོག་བསང་གསོལ་དང་སྨོན་ལམ་གསུང་འདོན། དེ་བཞིན་གཞས་སྣ་འཁྲབ་སྟོན། དཀར་སྐྱོང་གནང་བ་བརྒྱུད་དེ་ཉིན་འཁྱོངས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུས་འདུག

གཞི་རྩའི་སང་ཉིན་ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཡིན་སྟབས་བོད་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་དང་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ནས་རྣམ་པ་འདྲ་མིན་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ Randy Berry ལགས་ནས་རང་ཉིད་ཀྱི་ Tweeter དྲ་གནས་ཐོག་དེ་སྔ་༸གོང་ས་མཆོག་དང་ལྷན་དུ་སྒྲོན་པའི་སྐུ་པར་ཞིག་དང་ལྷན་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་ན་ཞི་བདེ་དང་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་མེད་པ་མ་ཟད། གཉའ་གནོན་དང་དྲག་གནོན་ཡོད་ན་ལྷིང་འཇགས་དང་ཞི་བདེ་ཡོང་ཐབས་ཡོད་མ་རེད་ཅེས་བཀའ་སྩལ་བའི་དུམ་མཚམས་ཤིག་ཆེད་བཀོད་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།