Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གཞུང་གིས་བོད་ཐོག་རྒྱ་ནག་ལ་མགོ་བཏགས་པ་དེར་བསྐྱར་ཞིབ་ཀྱི་རེ་སྐུལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཕྱི་ལོ་ ༢༠༠༨ ལོར་དབྱིན་ཡུལ་གཞུང་གིས་བོད་ཐོག་ལོ་ངོ་བརྒྱ་ཕྲག་རིང་བཟུང་པའི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་པར་བརྟེན། དེང་སྐབས་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་ངེས་གཏན་མེད་པའི་བཞེངས་ཕྱོགས་ལ་ཆ་འཇོག་མ་བྱས་པ་དང་འབྲེལ། ཧོང་ཀོང་གི་གནད་དོན་ཐད་དེ་སྔ་དབྱིན་ཡུལ་གཞུང་ལ་ཁས་བླངས་བ་ཡོངས་རྫོགས་རྩིས་མེད་ཀྱིས་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་ཆ་དབྱིན་ཡུལ་གཞུང་གི་ངོས་ནས་ཧོང་ཀོང་གི་གནད་དོན་ཐད་རང་ཉིད་ཀྱི་བཞེངས་ཕྱོགས་བརྟན་པོ་བཟོ་ཆེད། ཕྱི་ལོ་ ༢༠༠༨ ལོར་བོད་ཐོག་བཟུང་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག
དེ་ཡང་ཁ་ཉིན་ཚེས་ ༡༤ ཉིན་དབྱིན་ཡུལ་གྱི་ Bylinetimes གསར་ཁང་གི་དྲ་གནས་ཐོག དབྱིན་ཡུལ་གྱི་ནུབ་ Dundee ས་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་ཡུལ་དེའི་ཕྱོགས་འགལ་ཚོགས་པའི་རྒྱལ་སྤྱིའི་ཁོར་ཡུག་དྲུང་ཆེ་སྐུ་ཞབས་ Chris Law ལགས་དང་ཨ་རིའི་གཞུང་གི་ཁྲིམས་རྩོད་པ་ཟུར་པ་དང་ Tibet Justice Centre ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཟུར་པ་སྐུ་ཞབས་ Nima Binara ལགས་གཉིས་ཀྱིས་མཉམ་རུབ་ཐོག་དཔྱད་རྩོམ་ཞིག་འདོན་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་ཧོང་ཀོང་དང་བོད་ནང་གི་རང་སྐྱོང་གི་ཁེ་དབང་ལ་རྩིས་མེད་རྡོག་རོལ་བྱེད་བཞིན་པ་དེ་ནི། བཙན་རྒྱལ་རིང་ལུགས་སླར་གསོ་བྱེད་ཐབས་བྱས་པ་ཞིག་མཚོན་གྱི་ཡོད་པ་དང་། དབྱིན་ཡུལ་གཞུང་གིས་ངོས་ནས་གནད་དོན་དེའི་ཐོག་སྡིག་པ་མིག་བཙུམ་བྱས་ན་འགྲིག་གི་མེད་པར་གསུངས་འདུག
རྩ་བའི་རྒྱ་ནག་གིས་དབྱིན་ཡུལ་གྱིས་ཧོང་ཀོང་རྩིས་ལེན་པའི་སྐབས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་འོག་ཧོང་ཀོང་ནང་དུ་རྒྱ་ནག་གི་ས་ཁོངས་གཞན་དང་མི་འདྲ་བར་རང་དབང་དང་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་། ད་ཆ་རྒྱ་ནག་གིས་ཁས་ལེན་དེ་དག་ལ་རྩིས་མེད་རྡོག་རོལ་ཙམ་མ་ཟད། ཧོང་ཀོང་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ལག་བསྟར་འོག མང་ཚོགས་ཐོག་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་དང་འབྲེལ། དེང་སྐབས་དབྱིན་ཡུལ་ནང་དུ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཐོག་བསྐྱར་ཞིབ་བྱེད་དགོས་པའི་ཐོག་ལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་ཐོབ་བཞིན་པ་མ་ཟད། དབྱིན་ཡུལ་གྱི་སྲིད་བློན་ Boris Johnson མཆོག་གིས་དབྱིན་གཞུང་གི་ངོས་ནས་ནམ་ཡང་ཧོང་ཀོང་མང་ཚོགས་ཀྱི་དོན་དག་བློས་གཏོང་རྒྱུ་མིན་སྐོར་གསུངས་ཡོད་པ་རེད།
གནས་སྟངས་དེའི་ཁྲོད་སྐུ་ཞབས་ Chris Law དང་ Nima Binara ལགས་ཀྱིས། དབྱིན་ཡུལ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་གནད་དོན་ཐོག དེ་གའི་ལོ་ངོ་བརྒྱ་ཕྲག་ཙམ་གྱི་སྲིད་བྱུས་དོར་ཏེ། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་གསལ་བསྒྲགས་བྱས་པ་དེས་རྐྱེན་གྱིས། རྒྱ་ནག་གཞུང་ལ་དབྱིན་ཡུལ་གྱི་བཞེངས་ཕྱོགས་ལ་གུས་བརྩི་ཞུ་མི་དགོས་པའི་ངེས་བ་རྙེད་པ་དང་འབྲེལ་ནས། ད་ཆ་ཧོང་ཀོང་ནང་དུ་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་མངོན་གསལ་གནང་བ་དང་འབྲེལ། དབྱིན་ཡུལ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་སྲིད་བྱུས་ལ་འགྱུར་བ་བཏང་བའི་ཐོག་ནས་རང་གི་གྲོས་མཐུན་ཁག་ལ་ཆ་འཇོག་དང་རྒྱ་ནག་ལྷན་དུ་འབྲེལ་ལམ་ཁྲོད་རང་གི་གནས་བབ་སྲ་བརྟན་བཟོ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པོ་གསུངས་འདུག
དཔྱད་རྩོམ་དེའི་ནང་ད་དུང་། དབྱིན་ཡུལ་གཞུང་གིས་ཧོང་ཀོང་བཞིན་དེ་སྔ་བོད་ཀྱི་རང་སྲིད་རང་སྐྱོང་གི་གནས་བབ་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཧོང་ཀོང་དང་མི་འདྲ་བར་དབྱིན་ཡུལ་གྱིས་དེ་སྔ་དུས་རབས་ཉི་ཤུའི་སྟོད་དུ་བོད་དེ་རྒྱ་གར་དང་རྒྱ་ནག་བར་གྱི་བར་གནས་རྒྱལ་ཁབ་ཅིག་ཡིན་པའི་སྐབས་སུ་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་ཕན་ཚུན་རྒྱལ་ཁབ་རིམ་པའི་ཐོག་འབྲེལ་ལམ་བཞག་མྱོང་ཡོད་པ་མ་ཟད། བོད་རྒྱ་ནག་གི་བཙན་བཟུང་བྱས་པའི་རྗེས་སུའང་དབྱིན་ཡུལ་གཞུང་གི་ངོས་ནས་བོད་དེ་རང་སྐྱོང་གི་ས་ཁུལ་ཞིག་ཏུ་ངོས་འཛིན་གྱིས་རྒྱ་གཞུང་ལ་མིང་ཙམ་གྱི་དབང་བསྒྱུར་མ་གཏོགས་མེད་པར་ངོས་འཛིན་བྱས་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༠༨ ལོར་དབྱིན་ཡུལ་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེར་འཕྲད་པའི་སྐབས་སུ། སྐབས་དེའི་ཕྱི་སྲིད་དྲུང་ཆེ་David Miliband ལགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཨིན་ཡུལ་གྱིས་དེ་སྔ་བོད་ཐོག་འཛིན་པའི་བཞེངས་ཕྱོགས་དེ་སྤྱི་ཚོགས་རྙིང་པའི་བསམ་བློ་ཡིན་པ་དང་། ད་ཆ་དབྱིན་ཡུལ་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་གནང་གི་ཡོད་པ་བརྗོད་པ་དང་འབྲེལ། དབྱིན་ཡུལ་གཞུང་གིས་དེ་སྔ་བོད་དང་ལྷན་དུ་བཞག་པའི་ཆིངས་ཡིག་ཡོངས་རྫོགས་ཀྱི་གནས་བབ་ལ་དྲི་བ་སླེབས་དགོས་པ་བཟོས་པ་དེས། སིམ་ལ་ཆིངས་ཡིག་ལྟ་བུའི་ནང་དུ་ད་ལྟ་རྒྱ་ནག་གི་བདག་དབང་རྩོད་བཞིན་པའི་ཨ་རུ་ན་ཅལ་གྱི་ས་ཁུལ་ཡོངས་རྫོགས་རྒྱ་གར་གྱི་མངའ་ཁོངས་སུ་བཞག་པ་དེ་དག་བརྟན་པོ་མེད་པ་བཟོས་ཏེ། བོད་ཙམ་མ་ཟད་རྒྱ་གར་ལ་ཡང་གནོད་འཚེ་ཚབ་ཆེན་བཟོས་ཡོད་པ་གསུངས་འདུག
ད་ཆ་དབྱིན་ཡུལ་གཞུང་གི་ངོས་ནས་བོད་ཐོག་གི་སྲིད་བྱུས་དེར་བསྐྱར་བཅོས་བྱས་ཏེ་ཧོང་ཀོང་གི་གནད་དོན་ཐོག་དབྱིན་ཡུལ་གྱི་བཞེངས་ཕྱོགས་བརྟན་པོ་ཡོད་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲད་པ་དང་། དེའི་ཁྲོད་དབྱིན་ཡུལ་གྱིས་དུས་རབས་ཉི་ཤུའི་སྐབས་ཀྱི་བོད་ཐོག་བཟུང་བའི་སྲིད་བྱུས་དེ་རང་འཇགས་གནས་ཡོད་པ་ཡོངས་གྲངས་གནང་བ་བརྒྱུད་ནས་བོད་ཙམ་མ་ཟད། རྒྱ་གར་གྱི་ཨ་རུ་ན་ཅལ་གཙོ་བྱས་པའི་རྒྱ་བོད་ས་མཚམས་ཀྱི་རྩོད་རྙོག་མང་པོ་གསལ་ཐུབ་རྒྱུ་ཡིན་པ། དེ་བཞིན་དབྱིན་ཡུལ་གཞུང་གིས་ཨ་རི་ལྟར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱས་པའི་འོག རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཞན་དང་ལྷན་དུ་བོད་དོན་འབྲེལ་མཐུད་རུ་ཁག་བསྐོ་བཞག་གིས་བོད་ཀྱི་རང་སྲིད་རང་སྐྱོང་གི་གནས་བབ་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་ཕྱག་ལས་གནང་དགོས་པ་དང་། གལ་ཏེ་དེ་ལྟར་གནང་ཐུབ་ཚེ་ཧོང་ཀོང་དང་རྒྱ་ནག་གི་མང་ཚོགས་གཉིས་ཀར་དབྱིན་ཡུལ་གཞུང་གི་རང་གི་བཞེངས་ཕྱོགས་ཐོག་བརྟན་པོ་ཇི་ཙམ་གནས་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱེད་ཐུབ་རྒྱུ་ཡིན་པར་གསུངས་འདུག
སྐུ་ཞབས་ Chris Law དང་ Nima Binara ལགས་ཀྱིས་ད་དུང་། བརྒྱུད་རིམ་དེའི་ཁྲོད་རྒྱ་ནག་གི་ངོས་ནས་དབྱིན་ཡུལ་ལ་དེ་སྔའི་བཙན་རྒྱལ་རིང་ལུགས་ཀྱི་བྱེད་ཕྱོགས་བསྐྱར་གསོ་བྱེད་བཞིན་པའི་སྐྱོན་འཛུགས་བྱེད་སྲིད་པ་དེ་ལྟར་ཡང་། དོན་དངོས་ཐོག་རྒྱ་ནག་གི་བོད་དང་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་གུས་བརྩི་མ་ཞུས་པ་དེ་བཙན་རྒྱལ་རིང་ལུགས་ཀྱི་བསམ་བློ་ངོ་མ་དེ་ཡིན་པ་གསུངས་འདུག དེ་བཞིན་དབྱིན་ཡུལ་གཞུང་གིས་བོད་ཐོག་འཛིན་པའི་ཕྱི་ལོ་ ༢༠༠༨ ལོའི་སྲིད་བྱུས་ལ་བསྐྱར་བཅོས་བྱས་པ་བརྒྱུད་ནས་དབྱིན་ཡུལ་སྲིད་བློན་གྱིས་ཧོང་ཀོང་མང་ཚོགས་ཀྱི་གནད་དོན་བློས་གཏོང་རྒྱུ་མིན་སྐོར་གསུངས་པ་དེ་ཁ་བཤད་གཏམ་ཙམ་ཞིག་མ་ཡིན་པར་དོན་དམ་གྱི་ཁས་ལེན་ཡིན་པའི་བརྡ་ལན་སྤྲོད་ཐུབ་རྒྱུ་ཡིན་པ་དང་། གནང་ཕྱོགས་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་གཅིག་པོ་མ་ཡིན་པར། མ་འོངས་པར་དབྱིན་ཡུལ་ལ་རྒྱ་ནག་ཕྱོགས་ནས་ཉེན་ཁ་དང་དཀའ་ངལ་འཕྲད་པའི་སྐབས་སུ། དབྱིན་ཡུལ་གྱི་གནས་བབ་ཤུགས་ཆེ་རུ་གཏོང་རྒྱུར་ཡང་ཕན་ཐོག་ཆེན་པོ་བྱུང་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།