དེ་རིང་གྲོས་ཚོགས་སུ་སྔ་དྲོ་སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་གྱི་ལས་རིམ་གྲུབ་རྗེས་ཁྲིམས་བཟོའི་ལས་དོན་ཐོག་བསྐྱོད་པའི་ཁྲོད། སྔོན་རྩིས་སྒྲིག་གཞི་བསྐྱར་ཞིབ་ཆེད་བཙུགས་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་གནང་བ་དང་འབྲེལ་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ཁག་གཅིག་ལ་བསྐྱར་བཅོས་ཁྲོད་གཙོ་བོ་འཕྲད་སེལ་སྔོན་རྩིས་གསར་འཇུག་གི་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་པའི་ཐོག སྤྱི་འཐུས་རྣམ་པའི་བགྲོ་གླེང་ལྷུག་པོ་ཁྲོད་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པ་དང་འབྲེལ་ནས་ཟགས་སོང་།

རྩ་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་པའི་ཐོག་ལ་བརྗོད་པ་དང་པོ་ཟིན་པ་དང་བསྟུན། དགོངས་ཚུལ་ཚོགས་ཆུང་ཟུར་འཛུགས་དགོས་པའི་མང་མོས་གྲོས་ཆོད་བཞག་པ་བཞིན། ཚོགས་དུས་ ༩ པའི་སྤྱི་ཡོངས་དགོངས་འཆར་དང་ཁྲིམས་འཆར་ལ་གཞིགས་ཏེ་བསྐྱར་ཞིབ་ནན་ཏན་གྱིས་འཆར་ཟིན་དེར་བཟོ་བཅོས་སམ་གང་དགེའི་སླད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། དེ་བཞིན་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་གནང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་སུ་ཚོགས་ཆུང་གི་སྙན་ཐོ་བགོས་འབུལ་དང་འབྲེལ་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་ཡོད་པ་རེད།
དེ་རིང་གྲོས་ཚོགས་སུ་ཚོགས་ཆུང་གི་ཚོགས་གཙོ་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བསྐྱར་ཞིབ་སྙན་ཐོ་སྙན་སྒྲོན་ཞུས་པའི་ནང་དུ། སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་མེད་པ་ཆགས་རྒྱུའི་གནས་སྟངས་ཡོང་གཞི་མེད་ནའང་། གྲོས་ཚོགས་སུ་རྩིས་ལོའི་ལོ་མཚམས་བར་ལོ་འཁོར་སྔོན་རྩིས་གཏན་འབེབས་མ་ཐུབ་པའི་གནས་སྟངས་ཡོང་མི་སྲིད་པ་མིན་པ་དང་། སྲིད་སྐྱོང་དུས་ཆོས་སམ་འཕོ་འགྱུར། དགོངས་ཞུ། བཀའ་ཤག་འཕོ་འགྱུར་བཅས་ཀྱི་སྐབས་སུ་ཁྲིམས་སྒྲིག་ཁག་ཏུ་དཀའ་སེལ་ཐབས་ལམ་བསྟན་འདུག་ནའང་། བར་བརྒལ་བཀའ་ཤག་གི་ལས་འཁུར་མ་བླངས་པའི་གནས་སྟངས་ཡོང་མི་སྲིད་པ་མིན་པ། དེ་བཞིན་ཕྱི་ཟླ་ ༣ པའི་ཚེས་ ༣༡ ནང་ཚུན་འཆར་ལོའི་ལོ་འཁོར་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་གིས་གཏན་འབེབས་མ་ཐུབ་པའི་གནས་ཚུལ་འབྱུང་སྐབས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ནང་། གཞུང་གྲོན་ཚོད་དཔག་འཆར་རྩིས་ལ་འོས་ཤོག་བསྡུས་ཏེ་ (Vote on Account) བཀའ་འཁྲོལ་ཞུ་ལམ་བསྟན་འདུག་ནའང་། དེ་ནི་སྔོན་རྩིས་འཆར་འབུལ་དུས་ཐོག་བྱེད་མ་ཐུབ་པའི་གནས་སྟངས་ཁོ་ནའི་ཆེད་དུ་རེད་འདུག་པ་བཅས་ལ་བརྟེན། འཕྲལ་སེལ་སྔོན་རྩིས་ཀྱི་བྱ་རིམ་ཞིག་བཟོ་དགོས་གལ་མཐོང་བ་སོགས་གསུངས་ཏེ། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་ ༥ པ་དང་ ༧ པ་ ༩ པ་བཅས་ལ་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་པའི་ཁྲོད། དོན་ཚན་བདུན་པའི་ནང་གསེས་ ༨ པའི་ནང་དུ་འཕྲལ་སེལ་སྔོན་རྩིས་ཀྱི་འབྲུ་དོན་བསྣམས་ཕེབས་པར་བརྗོད་པ་དང་པོའི་ཐོག་སླར་ཡར་གོ་བསྡུར་གནང་རྗེས། བརྗོད་པ་གཉིས་པ་སྟེ་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་པའི་སྐབས་སུ། སྤྱི་འཐུས་མང་དག་ཅིག་ནས་འཕྲལ་སེལ་སྔོན་རྩིས་ཀྱི་ཁྲིམས་འཆར་གྱི་ནང་དུ། གྲོས་ཚོགས་སུ་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་ཚེ། རྩིས་ལོ་གསར་པ་འགོ་ཚུགས་ཉིན་ནས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་ཐུབ་པའི་བར་འཕྲལ་སེལ་སྔོན་རྩིས་རང་བཞིན་གྱིས་བཀའ་འཁྲོལ་ཐོན་པར་ངོས་འཛིན་བྱ་རྒྱུ་ཞེས་འཁོད་པར་དགག་བྱ་དང་འབྲེལ། མ་འོངས་པར་འབྲུ་དོན་དེ་བེད་སྤྱོད་ལོག་པར་འགྲོ་མ་སྲིད་པ་མིན་པ་སོགས་དོགས་གཞི་དང་དགོངས་ཚུལ་གསུངས་མཁན་བྱུང་སོང་ལ། སྲིད་སྐྱོང་གཙོས་པའི་སྤྱི་འཐུས་གཞན་ཁག་གཅིག་གིས་ཁྲིམས་འཆར་དེ་ནི་མ་འོངས་དཀའ་ངལ་མ་འཕྲད་སྔོན་དུ་དཀའ་ངལ་ཟློག་ཐབས་ཀྱི་ཐབས་ལམ་ལྟ་བུ་ཡིན་པར་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་པ་གསུངས་མཁན་བྱུང་སྟེ་བགྲོ་གླེང་ལྷུག་པོ་བྱུང་བའི་ཁྲོད། མཐར་འོས་བསྡུའི་ཐོག་ནས་ཐག་གཅོད་གནང་སྐབས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པ་ད་འབྲེལ་ནས་ཟགས་སོང་།

དེ་བཞིན་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༦ པ་དབུ་འཛུགས་དང་འབྲེལ། སྤྱི་འཐུས་རྒྱལ་རྡོང་ཕུར་པ་རྡོ་རྗེ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་དེ་སྔ་སྲིད་སྐྱོང་མཆོག་གིས་དེ་སྔའི་གྲོས་ཚོགས་ནང་བཀའ་མོལ་གསུངས་ཕྱོགས་ལ་གཞིགས་ན། བོད་ཀྱི་མངའ་ཁོངས་བདག་དབང་གི་གནས་སྟངས་ཐད་ལ་དངོས་ཡོད་ལོ་རྒྱུས་འཁྱོག་བཤད་དང་ལོག་འགྲེལ་བྱས་པར་བློ་ཕམ་དང་འབྲེལ་ནས་དྲི་བ་གསུམ་བཏང་བར་སྲིད་སྐྱོང་གི་ལན་འདེབས་གསལ་བཤད་ཁྲོད། སྲིད་སྐྱོང་མཆོག་ནས་སྐར་རྟགས་ཅན་གྱི་དྲི་བ་གཏོང་མཁན་གྱི་སྤྱི་འཐུས་ནས་སྲིད་སྐྱོང་མཆོག་གིས་དེ་སྔ་བཀའ་མོལ་གསུངས་པ་དེ་དག་ལོ་རྒྱུས་འཁྱོག་བཤད་དང་ལོག་འགྲེལ་ཡིན་པའི་འགྲེལ་བརྗོད་བྱས་པ་དེ་ཁུངས་སྐྱེལ་དགོས་པ་དང་འབྲེལ་ནས་ལན་འདེབས་དང་འབྲེལ། དེའི་ཐོག་ཁྲོད་དོན་དྲི་བར་སླེབས་པར་ལན་འདེབས་གནང་རྒྱུ་མིན་པ་གསུངས་པ་དང་འབྲེལ་ནས་དེར་རྒྱབ་སྐྱོར་གྱི་སྤྱི་འཐུས་ཁག་གཅིག་གིས་གྲོས་ཚོགས་ནས་ཕྱིར་ཐོན་གནང་བ་ཡང་བྱུང་ཡོད་ཀྱང་། རྗེས་སུ་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་འཁྱོག་བཤད་གནང་མེད་པའི་ལན་འདེབས་གསལ་བཤད་གནང་སྟེ་ལས་རིམ་དེ་མཇུག་སྒྲིལ་གནང་ཐུབ་པ་བྱུང་སོང་།
དེ་རིང་གི་གྲོས་ཚོགས་ཐོག་གཞན་ཡང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་བའི་ཁྲིམ་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོ་བགོས་འབུལ་དང་འབྲེལ་ནས་ཁྲིམས་ཡིག་བསྐྱར་བཅོས་བསྣམས་ཕེབས་པར་བགྲོ་གླེང་ཁྲོད། ཕྱི་དྲོའི་ཚོགས་དུས་བཞི་པའི་ཐོག་བཟོ་བཅོས་ཁྲིམས་འཆར་བསྣམས་ཕེབས་པའི་ནང་དུ། བོད་ཀྱི་གསོ་བོ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ནང་དུ་འཕྲོད་བསྟེན་དྲུང་འཕར་གསར་འཇུགས་དགོས་པ་སོགས་འཁོད་པ་དང་འབྲེལ་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་སོང་།

རྩ་བའི་ཕྱི་ལོ་ ༢༠༢༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་ཞིབ་དགོས་སྐོར་ཞུས་པ་བཞིན། སྔ་ལོ་ ༢༠༢༤ ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཚོགས་ཆུང་དངོས་སུ་འགོ་འཛུགས་གནང་སྟེ་དེ་སྔའི་གྲོས་ཚོགས་ཚོགས་དུས་ཐོག་དུས་ཚོད་མི་འདངས་པའི་རྐྱེན་གྱིས་སྙན་ཐོ་བགོས་འབུལ་ཞུ་ཐུབ་མེད་སྟབས། ད་རེས་ཚོགས་དུས་ ༡༠ པའི་ཐོག་བསྣམས་ཕེབས་པ་ཞིག་ཡན་པ་རེད།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་འདི་བཞིན་བཙན་བྱོལ་བོད་མི་བཅའ་ཁྲིམས་དོན་ཚན་ ༡༨ པའི་ནང་གསེས་ ༢ པ་དང་ ༣ པའི་དགོངས་དོན་བཞིན་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེ་ཡང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གསར་དུ་གཏན་འབེབས་གནང་བ་ཞིག་ཆགས་ཀྱི་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྩལ་རྗེས། ཕྱི་ལོ་ ༢༠༠༤ ལོར་ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་རེད།




