Tibetan Royal Year of 2151 | Year of the Wood Dragon

ནང་སྲིད་བཀའ་བློན་མཆོག་ལ་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ལས་གཞིའི་ཐོག་འདྲི་རྩད་ལྷུག་པོ་གནང་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་འཕྲོ་སྐྱོང་གི་ལས་ཉིན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་དག་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་སྙན་ཐོ་འགོད་འབུལ་གནང་ཟིན་རྗེས་སྤྱི་འཐུས་རྣམ་པས་སྤྱི་ཡོངས་བགྲོ་གླེང་ཁྲོད་གཙོ་བོ་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ལས་གཞི་དང་འབྲེལ་བའི་ཐོག་འདྲི་རྩད་ལྷུག་པོ་གནང་སོང་།

TPiE 2024

སྐབས་དེར་ཆ་ཤས་བཞེས་མཁན་སྤྱི་འཐུས་མི་ཉུང་བ་ཞིག་གིས་ནང་སྲིད་ལས་ཁུངས་ནས་འགན་འཁུར་རྐང་ལེན་ཞུས་ཏེ་ཕྱི་ལོ་ ༢༠༢༢ ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་འགོ་འཛུགས་ཞུས་ཏེ་མང་ཚོགས་ཁྲོད་སྒེར་གྱི་གནད་དོན་དང་འབྲེལ་ཏེ་འདྲི་བ་སྣ་མང་ཞིག་འདྲི་དགོས་དོན་གྱི་གནས་སྟངས་ཇི་ཆགས་དང་། ལས་གཞི་འདི་ནམ་ཞིག་མཚམས་བཞག་མིན། དེ་བཞིན་ལས་གཞི་དེ་ཉིད་ཀྱི་གྲུབ་འབྲས་ཐོན་རྗེས་གང་གནང་འཆར་ཡོད་མེད་སོགས་ཀྱི་བཀའ་འདྲི་ཞུས་སོང་བ་དང་། སྲིད་སྐྱོང་མཆོག་གིས་ལས་གཞི་དེའི་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་མང་ཚོགས་ཀྱི་དགོས་མཁོ་ཇི་ཡིན་སྤྱི་སྙོམ་དྲང་བདེན་ཐོག་ཁྱབ་སྤེལ་ཡོང་རྒྱུ་དང་སྒོས་བོད་མིའི་སྤྱི་ཚོགས་འདི་རང་ཁ་རང་གསོའི་ལམ་ཁར་བསྐྱོད་མིན་མཁྱེན་རྟོགས་ཡོང་སླད་དགོངས་བཞེས་གནང་བའི་ཐོག་ནས་ལས་གཞི་འདི་སྤེལ་བཞིན་ཡོད་པ་དང་འདི་ལོ་ཙམ་མིན་པར་ལོ་ལྟར་རྒྱུན་སྐྱོང་ཐུབ་པ་གནང་རྒྱུ་ཡིན་པ་གསུངས་སོང་།

TPiE 2024

ད་དུང་སྤྱི་འཐུས་གཅིག་གིས་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་སྟབས་ལས་གཞི་དེ་ཉིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཙམ་ལས་ལས་དོན་ལ་ཕན་ཐོགས་ཡོད་པ་གཟིགས་ཀྱི་མེད་པ་དང་ད་ལྟའི་ལས་གཞི་དེ་སྤེལ་སྐབས་བོད་ནས་ཕེབས་མཁན་བོད་མི་ཚོའི་བདེ་འཇགས་ཐད་དགོངས་པ་བཞེས་མེད་པར་ངོས་འཛིན་གནང་གི་ཡོད་པ་ཚོར་ཤུགས་ཆེན་པོས་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་ཅིག་གིས་བོད་ནས་གསར་དུ་ཕེབས་པའི་བོད་མི་ཚོར་ས་ཁང་ཐོབ་ཐང་མེད་པའི་གནད་དོན་དང་འབྲེལ་ནས་ནང་སྲིད་ལས་ཁུངས་ནས་ཁོང་རྣམ་པར་སྡོད་ཁང་གསར་རྒྱག་གནང་རྒྱུའི་ཐོག་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཞུས་སོང་བ་དང་། ནང་སྲིད་བཀའ་བློན་མཆོག་གིས་འདས་ལོའི་ནང་ཚོགས་འདུ་རིམ་པ་གཉིས་བསྐོང་ཚོགས་བརྒྱུད་བོད་ནས་གསར་དུ་ཕེབས་པའི་བོད་མི་ཚོའི་གྲངས་ཐོ་བསྡུ་རུབ་ཀྱིས་འགེང་ཤོག་བཀང་བཅུག་ཡོད་ཀྱང་ཁག་ཅིག་གིས་འགེངས་ཤོག་མ་བཀང་བ་དང་རང་ཉིད་གནས་སྡོད་ཀྱི་ས་གནས་དེ་རང་ལ་མ་གཏོགས་གཞན་ལ་སྡོད་ཁང་ཞུ་འདོད་མེད་པ་གསུངས་ཏེ་ཐོག་མའི་འཆར་གཞི་གཞིར་བཟུང་གོམ་པ་སྤོ་ཐུབ་མེད་པ་འགྲེལ་བརྗོད་གནང་ཡོད།

TPiE 2024

བགྲོ་གླེང་ཐོག་གཞན་ཡང་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་ལས་དོན་ཆེ་ཁག་སྤེལ་བཞིན་པའི་ཁོངས་ནས་བོད་མི་གཞིས་སྤོས་ཀྱི་ལས་གཞི་ཇི་ཆགས་སྐོར་བཀའ་འདྲི་ཁག་ཅིག་ཕེབས་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ངོས་ནས་གཞིས་ཁོངས་མེད་པའི་བོད་མི་རྣམས་ཀྱི་སོ་སོའི་དཔལ་འབྱོར་གནས་བབ་དང་མོ་མཐུན་ཡོད་མེད་ལ་གཞིགས་ཏེ་གཞིས་ཆགས་ཁག་ནང་གཞིས་སྤོས་བྱེད་དུ་བཅུག་བཞིན་ཡོད་པ་དང་གཞིས་ཆགས་སྲ་བརྟན་དང་ཚགས་ཚུད་ཡོང་རྒྱུ་ནི་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་གནང་རྒྱུའི་གཞི་རྩ་ཡིན་པར་ཡིད་ཆེས་གནང་ཐོག་འགྲོ་གྲོན་ཕོན་ཆེ་བཏང་ནས་ལས་དོན་གཉེར་བཞིན་ཡོད་པ་གསུངས་སོང་།

གཞི་རྩའི་དེ་རིང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་དེ་སྔ་ས་གནས་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་གཟིགས་ཚུལ་བྱུང་བའི་གནས་སྟངས་དང་། གཞིས་ཆགས་ཁག་གི་ཞིང་སའི་གནས་སྟངས། དེ་བཞིན་ཉམ་ཐག་བསྐྱར་ཞིབ་དང་འབྲེལ་བའི་གནས་སྟངས་དང་གཞོན་སྐྱེས་ཚོར་ལས་རིགས་སྦྱོང་བརྡར་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་གླེང་སློང་གནང་སོང་ལ། ལས་རིམ་ལྟར་བྱེད་ན་སང་སྔ་དྲོ་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ཕེབས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།