བཀའ་ཤག་གིས་སྐར་རྟགས་ཅན་གྱི་དྲི་བར་བཀའ་ལན་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ ༤ པའི་ཚོགས་དུས་དང་པོའི་ཐོག སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་བཀའ་འདྲི་ཁག་ཅིག་ཕུལ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་སྔ་དྲོའི་ལས་རིམ་དང་པོར་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། སྲིད་སྐྱོང་མཆོག་ལ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པ་ཞིག་ནས་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པའི་ཚོགས་འདུའི་ཐོག་གསུང་བཤད་གནང་བའི་ནང་། ད་ལྟ་རྒྱ་ནག་དམར་པོའི་སྲིད་གཞུང་མཁྲེགས་འཛིན་ཅན་དང་མཉམ་དུ་མིང་དོན་མཚུངས་པའི་འབྲེལ་བ་ཞིག་དང་། ཞི་མོལ་དང་ཞི་འགྲིག་ཅིག་ཡོང་རྒྱུའི་རེ་བ་རྩ་བ་ནས་མི་འདུག ང་ཚོའི་ངོས་ནས་ད་ལྟའི་སྲིད་གཞུང་དང་མཉམ་དུ་གནད་དོན་དེ་འདྲ་ཞིག་ཡོང་རྒྱུར་རེ་བ་དོར་དགོས་ཀྱི་འདུག་ཅེས་དང་། ཡང་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་སའི་གནས་བབ་ནི་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་དེའི་དབང་སྒྱུར་མུ་མཐུད་གནས་ཀྱི་ཡོད་པ་ལ་གཞིགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་པ་རེད་སོགས་གསུངས་པ་ལས་འཕྲོས་ཏེ། སྐར་རྟགས་ཅན་གྱི་དྲི་བ་བཞི་ཕུལ་སོང་བར་སྲིད་སྐྱོང་མཆོག་གིས། གོང་གསལ་གསུང་བཤད་དེར་བཀའ་ཤག་ནས་ཐུགས་སྣང་བྱུང་ཡང་སྒེར་གྱི་དགོངས་ཚུལ་ཡིན་སྟབས་བསམ་ཚུལ་གང་ཡང་མ་བྱུང་། སློབ་སྟོན་པས་གོང་དུ་གསུངས་པའི་གནད་དོན་དེ་དག་སྒེར་གྱི་མཉམ་ཞུགས་གནང་ཡོད་པ། དེ་བཞིན་བཀའ་ཤག་གི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་རྣམས་ད་བར་ཡོངས་གྲགས་ཐོག་ཡིག་ངག་གཉིས་ཀའི་ཐོག་ནས་གསལ་བཤད་བྱས་ཟིན་ཞིང་། བཀའ་ཤག་གི་ལངས་ཕྱོགས་དང་མི་མཐུན་པའི་རིགས་དྲི་བའི་ནང་ནས་ཁ་གསལ་ཡིན་པ་མོས་མཐུན་མེད་པ་མ་ཟད། མང་ཚོགས་ཀྱིས་བཀའ་ཤག་གི་གང་བཤད་པ་དེ་དག་ལའང་ཐུགས་སྣང་གནང་ན་མགོ་བོ་རྨོངས་མི་དགོས་པའི་གནས་སྟངས་ཡིན་ཞེས་གསུངས་སོང་།

དེ་རིང་གི་སྐར་རྟགས་ཅན་གྱི་དྲི་བ་དང་དེའི་བཀའ་ལན་བཅས་ལས་འཕྲོས་ཏེ། ད་དུང་གྲོས་ཚོགས་ནང་སྤྱི་འཐུས་ལྔས་དོ་བདག་སློབ་སྟོན་པ་དེའི་བཀའ་མོལ་ནི་དགོངས་ཚུལ་མིན་པར་གནས་ཚུལ་རེད་ཅེས་དང་། བོད་མིའི་སྒྲིག་འཛུགས་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་དེ་མུ་མཐུད་གནས་ཀྱི་ཡོད་པར་དགོངས་ནས་དབུ་མའི་ལམ་སྲིད་བྱུས་གཏན་འབེབས་གནང་བ་ཞིག་ཡིན་མིན་དང་། ལྷག་པར་རྒྱ་ནག་ལྷན་ཞི་འགྲིག་ཡོང་རྒྱུར་རེ་བ་དོར་དགོས་པའི་དགོངས་ཚུལ་ཡོད་མཁན་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མི་མཐུན་པར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པར་བཞག་ན་འགྲིག་གི་ཡོད་མེད་སོགས་ཚོར་ཤུགས་ཆེན་པོས་སྲིད་སྐྱོང་མཆོག་ལ་འདྲི་རྩད་ཞུས་ཡོད།

དེ་འབྲེལ་སྲིད་སྐྱོང་མཆོག་གིས་དེ་རིང་གི་གྲོས་ཚོགས་ཐོག་གང་ཟག་སྒེར་གྱིས་གསུང་བཤད་དེར་བཀའ་ཤག་གི་ངོས་ནས་འགན་འཁུར་དགོས་དོན་རྩ་བ་ནས་གཟིགས་ཀྱི་མེད་པ་ནན་བརྗོད་དང་སྦྲགས། གོང་ཞུས་གསུང་བཤད་དེ་སྒེར་གྱི་དགོངས་ཚུལ་ཙམ་ལས་གནས་ཚུལ་ཞིག་ལ་ངོས་འཛིན་གནང་གི་མེད་ཅིང་། ལྷག་པར་བོད་རྒྱ་འབྲེལ་མོལ་ཐོག་ཉམས་མྱོང་ཡོད་སྟབས་དེ་འབྲེལ་ཚོགས་ཆུང་གི་སློབ་སྟོན་པར་བསྐོ་གཞག་གནང་ཡོད། འོན་ཀྱང་སློབ་སྟོན་པ་དེ་ཉིད་ཀྱི་གསུངས་པ་ཐམས་ཅད་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་དགོངས་ཚུལ་ཆགས་དགོས་ཀྱི་མེད་པ་དང་། མཐའ་མའི་ཐག་གཅོད་དེ་བརྒྱུད་རིམ་གཞིར་བཟུང་ཕེབས་དགོས་པར་སློབ་སྟོན་པ་ནས་སློབ་སྟོན་ཞུས་ཐོག་དགོངས་ཚུལ་གསུང་རྒྱུའི་ལས་འགན་ཡོད་ཅེས་བཀའ་ལན་གནང་བ་མ་ཟད། གནད་དོན་དེའི་རྐྱེན་པས་འབྲེལ་ཡོད་དོ་བདག་དེ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པར་མུ་མཐུད་ཉར་རྒྱུ་ཡིན་ཞེས་གསུངས་སོང་།  

པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གྲུབ་མཚམས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་ཐོག ཉིན་རྒྱབ་ཀྱི་ཚོགས་དུས་བར་དུ་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས། མཐར་སྤྱི་མོས་ཐོག་དོན་ཚན་ ༧ ཅན་གྱི་གྲོས་ཆོད་གཏན་འབེབས་གནང་སོང་། གྲོས་ཆོད་དེའི་ནང་གཙོ་བོ་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་ལ་ཡི་རངས་དང་ཤུལ་ལུས་ཉེ་འབྲེལ་ཡོངས་ལ་ཐུགས་གསོ། རྒྱ་གཞུང་གིས་བོད་ནང་རྒྱ་སྒྱུར་སྲིང་བྱུས་དང་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་རང་དབང་སྤྲོད་དགོས་པ། དེ་བཞིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཚབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས། བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་ཚེ་མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་འགན་ཁུར་ཆ་ཚང་རྒྱ་དམར་གཞུང་ལ་ཡོད་པར་གསལ་པོར་བཀོད་འདུག ལྷག་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་ཆོས་ཚོགས་ཐེངས་ ༡༥ པའི་གྲོས་ཆོད་བཅས་ཀྱི་དགོངས་དོན་ལས་རྒྱ་གཞུང་ནས་ཐེ་བྱུས་བྱས་རིགས་ལ་ངོས་ལེན་ནམ་ཡང་མེད་ཅེས་དང་། རང་དབང་ལུས་པར་ཡོད་པའི་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུགས་ལས་འགུལ་སོགས་ཀྱི་བརྒྱུད་བོད་ཀྱི་བདེན་པའི་འཐབ་རྩོད་དང་ཆོས་རིག་སྐད་ཡིག་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་བཅས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་འཁོད་འདུག

གཞུང་འབྲེལ་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་དེ་རིང་ཉིན་དགུང་བར་བགྲོ་གླེང་གནང་བའི་ཁྲོད། ཁྱོན་སྤྱི་འཐུས་ ༣༢ ཀྱིས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་ཐོག་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཐེར་འདོན་གྱིས་རྒྱ་གཞུང་གི་བྱེད་བབ་ལ་སྐྱོན་བརྗོད་ནན་པོ་དང་སྦྲགས། རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་སྙིང་སྟོབས་ལ་ཡི་རངས་ཞུས་སོང་།

ལྷག་པར་བགྲོ་གླེང་ཁྲོད་སྤྱི་འཐུས་མང་ཆེ་བས་རྒྱ་ནག་དམར་གཞུང་གིས་བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་བཞིན་པར་ཆེས་སེམས་འཚབ་ཀྱིས་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚང་མས་ཤུགས་སྣོན་བརྒྱབས་ཏེ། ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཡག་པོ་ཞིག་ཤེས་པ་བཟོ་རྒྱུར་འགན་ཡོད་རེད་མ་ཟད། བུ་ཕྲུག་སོ་སོའི་ཕ་མ་རྣམས་ནས་རང་འགན་རང་ཁུར་གནང་སྟེ་བོད་སྐད་བོད་ཡིག་ཡག་པོ་སློབ་རྒྱུ་ཧ་ཅང་གིས་གལ་ཆེན་རེད་ཅེས་གསུངས་སོང་།

མ་ཟད་སྤྱི་འཐུས་ཁག་ཅིག་གིས་ང་ཚོ་བོད་མི་ནང་ཁུལ་འགལ་ཟླའི་རིགས་མ་གནང་པར་༸གང་ས་མཆོག་སྐུ་མཚོ་བཞུགས་ཡོད་རིང་ལ་བོད་དོན་བདེན་མཐའ་གསལ་ཐབས་ཐོག་ཚང་མའི་ནུས་པ་མཉམ་སྤུངས་དང་རྡོག་རྩ་གཅིག་སྒྲིལ་གནང་དགོས་གལ། དེ་བཞིན་གོ་སྐབས་དམ་འཛིན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཁག་ལ་བོད་དོན་ཞུ་གཏུག་སོགས་ཀྱི་ནུས་པ་རྒྱ་སྐྱེད་གཏོང་དགོས་པས་སེམས་ཤུགས་ནམ་ཡང་མ་ཆགས་རོགས་ཞེས་གསུངས་སོང་།

དེ་བཞིན་སྤྱི་འཐུས་མི་ཉུང་བ་ཞིག་གིས་དབུ་མའི་ལམ་དང་རང་བཙན་སྐོར་གསུངས་པ་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་གལ་དང་། གཞུང་འབྲེལ་གྱི་སྲིད་བྱུས་དེ་རང་བཙན་ཐོག་བསྐྱོད་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་མཁན་བྱུང་ཡོད།

སྐབས་དེའི་བགྲོ་གླེང་ཁྲོད་སྤྱི་འཐུས་གཅིག་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་རིང་ཐབས་ཤེས་སྣ་ཚོགས་དང་ལྷག་པར་རྒྱ་སྒྱུར་སློབ་གསོའི་བཙན་བཀའ་ཤུགས་ཆེ་ཇི་ཙམ་བཏང་ཡང་། བོད་མི་རྣམས་རྒྱ་སྒྱུར་བྱས་ཐུབ་མེད་སྐོར་འགྲེལ་བརྗོད་དང་འབྲེལ། བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་ཐོག་ནས་སེལ་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་ཡོད་པ་དེ་དམ་འཛིན་མ་ཐུབ་ཚེ་དེའི་འགན་ཆ་ཚང་རྒྱ་ནག་གཞུང་ནས་འཁུར་དགོས་ཤིང་། གལ་ཏེ་རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བརྩི་སྲུང་མ་བྱས་ཚེ། དེ་རིང་ནས་རྒྱ་ནག་ཉམས་ཆགས་འགྲོ་རྒྱུ་འགོ་བཙུགས་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད།

དེ་རིང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས། སྤྱི་འཐུས་རྣམ་པས་མུ་མཐུད་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ལོ་འཁོར་ལས་སྡོམས་ཐོག་བགྲོ་གླེང་དང་བཀའ་བློན་མཆོག་གི་ལན་འདེབས་གསལ་བཤད་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།