Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

ཁ་སང་ཕྱི་ཚེས་ ༡༥ ཉིན་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་དཔལ་འབྱོར་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་ཅིག་བསྩལ་ཡོད་པ་དེའི་ནང་། མི་རབས་གོང་མའི་ལྷག་བསམ་སྙིང་སྟོབས་རྒྱུན་འཛིན་གྱིས་ཆོས་གསུམ་སྤུན་ཟླ་འཆམ་མཐུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་སྔར་ལྷག་བྱེད་དགོས་གལ་བཅས་ཀྱི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

སྤོག་ར་གློ་སྒྲིག་དཔལ་འབྱོར་གླེང་བོད་མིིའི་གཞིས་ཆགས་དེ་ནི། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༦༩ ལོ་ནས་གློ་དྲག་པོའི་སྒྲིག་འཛུགས་ལ་དྲག་པོའི་རོགས་རམ་མཚམས་འཇོག་དང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བལ་ཡུལ་གཞུང་ལ་གོ་ལག་རྩིས་སྤྲོད་རྗེས་ ༡༩༧༣ ལོར་ལག་ཤེས་བཟོ་གྲྭའི་ངོ་བོའི་ཐོག་ནས་གཞིས་ཆགས་ཆེད་འཛུགས་ཀྱིས་༸གོང་ས་མཆོག་གིས་དཔལ་འབྱོར་གླིང་ཞེས་མཚན་གནས་སྦྱིན་པ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་ཁ་སང་གཞིས་ཆགས་གསར་བཙུགས་གནང་ནས་མི་ལོ་ ༥༠ འཁོར་བར་འཚམས་འདྲིའི་བཀའ་ཡིག་བསྩལ་ཡོད་པ་དེའི་ནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་རྗེས་༸གོང་ས་མཆོག་དང་བཀའ་ཤག་བཅས་པ་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་དམིགས་ཡུལ་བཅངས་ནས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་འབྱོར་བ་དང་། དེ་རྗེས་བོད་མི་ཁྲི་ཕྲག་མང་པོ་རིམ་འབྱོར་དེ་དག་ནས་ཀྱང་དམིགས་ཡུལ་གཅིག་གྱུར་སྤྱི་དོན་སྙིང་བཅངས་ལྷག་བསམ་སྙིང་སྟོབས་ཆེན་པོས་གང་ཡོང་བྱས་པ་ལྟར། ཁྱེད་རང་ཚོས་ཀྱང་བལ་ཡུལ་གློ་སྨོན་ཐང་དུ་དྲག་པོའི་འཇབ་དམག་གི་རྟེན་གཞི་བཙུགས་ཏེ་ལུས་སྲོག་བློས་བཏང་གིས་མི་ལོ་བཅུ་བཞིའི་རིང་ཕ་རོལ་པོར་འཇབ་རྒོལ་ཐེངས་མང་བྱས་པའི་གནས་ཚུལ་ལོ་རྒྱུས་ཐོག་གསལ་པོ་འཁོད་ཡོད་ཅེས་བཀའ་སྩལ་དང་སྦྲགས། ༸གོང་ས་མཆོག་གིས་སྐབས་དེར་འཚེ་བའི་ལས་འདི་གནས་སྐབས་སྙིང་ནད་སངས་པ་ཙམ་ལས་མཐར་ཐུག་གི་རྒྱལ་ཁ་ལོན་དཀའ་བ་མཐོང་ཆོས་ལ་བརྟེན། དྲག་འཐབ་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་མཛད་པ་ལྟར། འཕྲལ་མར་དང་ལེན་གྱིས་སྤོག་ར་ཁུལ་དུ་གཞིས་ཆགས་ཀྱི་ངོ་བོར་བསྒྱུར་ཏེ་འཚོ་རྟེན་ལག་ཤེས་བཟོ་གྲྭ་གསར་འཛུགས་གནང་བ་བཅས་ཀྱི་འགྱུར་བ་རིམ་སོང་གི་བྱས་འབྲས་བཅས་ལ་བསྔགས་བརྗོད་མཛད་པ་མ་ཟད། ད་ཆ་གཞིས་མི་རྣམས་ཀྱིས་མི་རབས་གོང་མའི་ལྷག་བསམ་སྙིང་སྟོབས་རྒྱུན་འཛིན་གྱིས་ཆོས་གསུམ་སྤུན་ཟླ་འཆམ་མཐུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་སྔར་ལྷག་བྱེད་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་མཛད་ཡོད་པ་རེད།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དུས་དྲན་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲི་གནང་ཡོད་པ་དེའི་ནང་། གཞིས་མི་རྒན་གཞོན་བར་གསུམ་ཚང་མས་སེམས་ཤུགས་མ་ཆག་པར་མ་འོངས་བཙན་བྱོལ་ནང་དུ་གནས་པའི་རིང་བོད་ཀྱི་ཐུན་མིན་ཆོས་དང་སྐད་ཡིག གོམས་གཤིས་རྣམས་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་ཐོག་ནས་བོད་ལ་དམིགས་བསལ་གྱི་རྒྱབ་སྐྱོར་གནང་གི་ཡོད་དུས་མ་འོངས་པར་བོད་རྒྱ་གཉིས་ཀྱི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ཡིན་པར་བརྟེན། གཞིས་བྱེས་མཉམ་འཛོམས་ཡོང་མི་སྲིད་པ་ཞིག་མ་ཡིན་སྟབས། གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་དེར་གཞིས་བཞུགས་བོད་མི་ཚོར་ལེགས་སྐྱེས་འབུལ་ཐུབ་པའི་བཟང་སྤྱོད་དང་། རིག་གཞུང་། དེ་བཞིན་མང་གཙོའི་ལམ་ལུགས་བཅས་ལ་ཆ་ཤས་བཞེས་དགོས་པའི་གནད་དོན་ཐོག་འགན་ཁུར་བཞེས་དགོས་གལ་སོགས་གསུངས་འདུག

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འཚམས་འདྲི་དང་འབྲེལ། གཞིས་ཆགས་འདི་གློ་སྨོན་ཐང་གི་གསང་བའི་འཇབ་དམག་སྒྲིག་འཛུགས་ལ་དཀའ་ངལ་བྱུང་སྟེ་གོ་ལག་སྩིས་སྤྲོད་མ་བྱས་གོང་ཙམ་ལ་བཟོ་གྲྭ་གསར་འཛུགས་ཀྱི་རྨང་གཞིའི་སྟེང་དབུ་བརྙེས་པ་ཞིག་ཡིན་ལ། གཞིས་ཁོངས་སུ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། བུ་བཅོལ་ཁང་། སློབ་གྲྭ ཕྱི་ནང་གསོ་ལུགས་སོགས་ཀྱི་མཐུན་རྐྱེན་འཛོམས་ཡོད་པ་ནི་བསྔགས་འོས་ཀྱི་གནས་ཡིན་པ་སོགས་གསུངས་འདུག

ལྷག་པར་དུ་གོ་སྐབས་དེ་དང་འབྲེལ་ནས་བཀའ་ཤག་གིས་བཙན་བྱོལ་བོད་མི་གཞིས་ཁོངས་འགོ་ལས་སེར་སྐྱ་མང་ཚོགས་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། ནང་ཁུལ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་སྒོ་ནས་སྤྱི་དོན་ཐོག་འབད་སྤུང་གནང་གལ་གྱི་གཞེན་སྐུལ་ཡང་གནང་འདུག

རྩ་བའི་ལོ་ངོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྤོག་ར་བཀྲ་ཤིས་གླིང་གི་༸སྐྱབས་རྗེ་བློ་བཟང་འཇམ་དབྱངས་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་གཞིས་མགོན་༸སྐྱབས་རྗེ་བསྟན་འཛིན་མཁས་གྲུབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་རིན་པོ་ཆེ་ཁག་ཅིག་དང་། མཁན་པོ། དགེ་འདུན། བལ་ཡུལ་དོན་གཅོད་ཟུར་པ། ས་འཐུས་ཚོགས་གཙོ་རྣམ་པ། ས་གནས་འགོ་འཛིན་རྣམ་པ་དང་ཟུར་པ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་མི་མང་བཅས་ལྷན་ཞུགས་གནང་འདུག

མ་ཟད་མཛད་སྒོའི་ཐོག་གློ་སྒྲིག་དཔལ་འབྱོར་གླིང་བོད་མིའི་གཞིས་ཆགས་ཀྱི་ལོ་རྒྱུས་བརྙན་དེབ་ཅིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་བཀྲ་ཤིས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དཔལ་འབྱོར་གླིང་གི་གཞིས་ཆགས་ཆགས་རབས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ད་ལྟའི་ཆར་དཔལ་འབྱོར་གླིང་ནང་དུ་ཁང་མིག་ ༨༠ ཙམ་ཡོད་པ་དང་། དེའི་ཁྲོད་གཞོན་སྐྱེས་ཕལ་ཆེ་བ་བལ་ཡུལ་དང་རྒྱ་གར་སོགས་ཀྱི་ནང་དུ་སློབ་སྦྱོང་དང་ཕྱག་ལས་གནང་མུས་ཡིན་རེད་ཅེས་འགྲེལ་བརྗོད་ཙམ་མ་ཟད། ལྷག་པར་གཞིས་ཆགས་སྤྱི་ཡོངས་ཀྱི་མི་འབོར་ ༡༢༠ ལྷག་ཙམ་ཡོད་པ་དང་དེའི་ཁྲོད་བརྒྱ་ཆ་ ༦༠ ལྷག་ལོ་ན་བགྲེས་སོང་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།