Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཡུལ་མིའི་ལས་འགན་ཐུབ་ཆེད་དཔྱ་དངུལ་ཆག་ཡང་གིས་གོ་སྐབས་ཟླ་བ་ ༦ རིང་ཕར་འགྱང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཚེས་ ༢༨ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ ལས་ཉིན་ ༡༠ ཐོག་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཐུབ་པའི་གོ་སྐབས་གནང་ཆེད་དཔྱ་དངུལ་ཆག་ཡང་གི་གོ་སྐབས་ཟླ་ ༩ ཚེས་ ༣༠ བར་ཕར་འགྱང་གནང་སོང་།

དེ་ཡང་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དོན་ཚན་བཅོ་བརྒྱད་ནང་གསེས་ ༥ དགོངས་དོན་བཞིན། འདས་ལོའི་སྔོན་རྩིས་གྲོས་ཚོགས་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་འཁུར་ཐུབ་པའི་གོ་སྐབས་གནང་ཆེད་དཔྱ་ཁྲལ་ཆག་ཡང་གནང་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དེ་དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་སྤྱི་མོས་ཐོག་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ བར་ཁྱོན་ཟླ་བ་ ༦ རིང་ཕར་འགྱང་གནང་ཡོད།

སྐབས་དེར་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྐབས། ཁག་གཅིག་གིས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་འབུལ་ཆད་སོང་བ་རྣམས་ཀྱིས་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ངེས་པར་དུ་སྒྲུབ་དགོས་པའི་འབོད་སྐུལ་དང་འབྲེལ་ཡོད་འཛིན་སྐྱོང་ནས་ཆག་ཡང་གི་ལས་གཞི་དེ་ཚག་ཚུད་ཡོང་ཆེད་འབྲེལ་ཡོད་དོན་གཅོད་དང་ལས་བྱེད་ཚོར་ལམ་སྟོན་ནན་པོ་གནང་དགོས་གལ་སོགས་གསུངས་སོང་།

 རྩ་བའི་འདས་ལོའི་སྔོན་རྩིས་གྲོས་ཚོགས་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་འཁུར་ཐུབ་པའི་གོ་སྐབས་གནང་ཆེད་བརྒྱ་ཆ་ ༩༠ དཔྱ་ཁྲལ་ཆག་ཡང་གནང་རྒྱུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་གནང་དོན་ལྟར་འདས་པའི་ལོ་གཅིག་ཙམ་གྱི་ནང་ལ་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡོ་རོབ་ཁུལ་གྱི་ས་གནས་ཁག་ཏུ་བཞུགས་པའི་བོད་མི་ ༦༦༦༦ ནས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། ནོར་བཅོས། དེ་བཞིན་བོར་བརླག་གསར་ཞུ་བཅས་ཀྱིས་གོ་སྐབས་བཞེས་ཐུབ་པ་བྱུང་ཡོད་པ་རེད།

 གཞན་ཡང་དེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་ཁྲིམས་བཟོའི་ལས་དོན་ཁག་ཅིག་ཕེབས་སོང་བ་དང་། དེའི་ཁྲོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་དོན་ཚན་གསུམ་པར་ཚོགས་ཆུང་གི་བསྐྱར་བཅོས་ཚིག་བརྗོད་བསྣམས་པ་དེ་ཟགས་ཏེ། འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས་ཞེས་བཟོ་བཅོས་ཁྲིམས་འཆར་བསྣམས་ཕེབས་པ་དེར་སྤྱི་འཐུས་རྩ་འབོར་གསུམ་ཆ་བཞིའི་རྒྱབ་སྐྱོར་ཐོབ་སྟབས་གཏན་འབེབས་གནང་སོང་།

མ་ཟད་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ཐོག་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གིས་རྩིས་ལོ་ ༢༠༠༢་་་༢༠༠༣ ནས་ ༢༠༢༢་་༢༠༢༣ བར་གྱི་དཔལ་འབྱོར་གནས་བབ་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་དང་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་དང་འཛིན་སྐྱོང་གི་ལན་འདེབས་གསལ་བཤད་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།