Tibetan Royal Year of 2151 | Year of the Wood Dragon

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གང་མྱུར་གཏན་འབེབས་དང་༸གོང་ས་མཆོག་གི་མཛད་རྗེས་ལ་ངོས་འཛིན་ཞུ་དགོས་པའི་གྲོས་ཆོད།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཨ་རིའི་གྲོས་ཚོགས་འོག་མར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གང་མྱུར་གཏན་འབེབས་དགོས་པ་དང་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་འཕྲིན་ལས་རྒྱ་ཆེ་བསྐྱངས་ཁག་ལ་ངོས་འཛིན་ཞུ་དགོས་པ་དང་དེ་བཞིན་བོད་དང་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སོགས་འཁོད་པའི་གྲོས་ཆོད་བཞག་གནང་འདུགརྩ་བའི་གྲོས་འཆར་ཡིག་ཆ་ཨང་ ༦༩༧ དེ་གྲོས་ཚོགས་འཐུས་མི་ Ted Yoho ལགས་དང་ Michael McCaul ལགས། Jim McGovern ལགས། དེ་བཞིན་ Chris Smith ལགས་བཅས་ཀྱིས་སྔ་ལོའི་ལོ་མཇུག་ཏུ་གྲོས་ཚོགས་འོག་མར་འདོན་སྤེལ་གནང་རྗེས་ཁ་སང་ཉིན་རྒྱབ་གྲོས་འཆར་དེའི་ཐོག་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་བསྡུ་གནང་བའི་ཁྲོད་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་མང་མོས་ཐོག་གྲོས་ཆོད་བཞག་གནང་འདུག

གྲོས་ཆོད་དེའི་ནང་མ་འོངས་པའི་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་དབང་ཚད་དེ་༸གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་ལ་ཡོད་པ་དང་། དེར་འགོག་རྐྱེན་བཟོ་མཁན་རྣམས་ལ་ཨ་རི་གཞུང་གིས་སྲིད་དོན་ཉེས་ཆད་འགེལ་རྒྱུ་སོགས་འཁོད་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་གནང་དགོས་པ་དང་བོད་ཀྱི་ཆོས་རིག་སྲུང་སྐྱོབ་སླད་བོད་དང་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ། ཨ་རི་དང་བོད་མི་མང་ཚོགས་དབར་གྱི་འབྲེལ་ལམ་གཏིང་ཟབ་ཡོད་པ་དེར་ངོས་འཛིན་གནང་དགོས་པར་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་མཛད་འཕྲིན་རྒྱ་ཆེ་བསྐྱངས་པར་ངོས་འཛིན་ཞུ་དགོས་པ། ༸གོང་ས་མཆོག་དང་བོད་མིའི་དབུ་ཁྲིད་རྣམས་ནས་གྲོས་མོལ་གྱི་ལམ་ནས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པར་རྒྱབ་སྐྱོར་གནང་དགོས་ཞེས་འཁོད་འདུག

གྲོས་ཆོད་ནང་ད་དུང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བརྒྱུད་ཨ་རི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཚད་མཐོ་པོ་གནང་དགོས་པ་དང་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། མང་ཚོགས་རྣམས་ལ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་རྩོད་དགོས་པའི་སྐུལ་མ་གནང་རྒྱུ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་ཁྲིང་ཏུའུ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་སྒོ་རྒྱག་པ་དང་འབྲེལ་བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་རྒྱ་ནག་ཏུ་ཡོད་པའི་ཨ་རི་གཞུང་གི་ལས་ཁུངས་གཞན་ཁག་ལ་མཐུན་འགྱུར་འཕར་མ་གནང་རྒྱུ། ལོ་མང་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་༸གོང་ས་མཆོག་དང་ལྷན་དུ་འབྲེལ་ལམ་བཟང་པོ་ཡོད་པ་དེ་རྒྱུན་སྐྱོང་གནང་རྒྱུ་བཅས་ཆེད་བཀོད་གནང་ཡོད་པ་རེད།

ཁ་སང་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་གཏན་འབེབས་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་ Ted Yoho ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ནང་བོད་ལ་རང་སྐྱོང་གི་གནས་བབ་ཡོད་ཀྱང་། རྒྱ་གཞུང་གི་ཡི་ཤུ་དང་ཁ་ཆེ་ལྟར་བོད་ནང་བོད་བརྒྱུད་ནང་བསྟན་དང་བོད་མིའི་འགྲོ་ལུགས་རྣམས་རྩ་མེད་གཏང་ཐབས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་གསུངས་པ་མ་ཟད།ད་དུང་༸གོང་ས་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་དབུ་ཁྲིད་ཡིན་པ། མགོན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཐོག་མཛད་འཕྲིན་བསྐྱངས་ཁག་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་གྲོས་ཚོགས་གཉིས་ཀས་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་པར་མ་ཟད་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཀྱང་ཨ་རི་དང་བོད་མིའི་དབར་གྱི་འབྲེལ་ལམ་གོང་འཕེལ་ཐོག་སྔར་ལྷག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་བསྐྱར་ནན་གསུངས་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་ Eliot Engel ལགས་དང་གྲོས་ཚོགས་འཐུས་མི་ Scott Perry ལགས་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱིས་བོད་པའི་སྤྱི་ཚོགས་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། ད་རེས་ཀྱི་གྲོས་ཆོད་དེས་ཨ་རིས་བོད་མིར་རྒྱབ་སྐྱོར་དང་༸གོང་ས་མཆོག་གི་མཛད་རྗེས་ཁག་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་ཡོད།

ཨ་རིར་རྟེན་གཞི་བྱས་པའི་རྒྱ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Meccaci ལགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བར་ཡི་རང་སྔགས་བརྗོད་དང་འདི་ལོ་ཨ་རིའི་གྲོས་ཚོགས་འོག་མ་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་། ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་འཆར་ཕྱག་བསྟར་གནང་བ། དེ་བཞིན་ད་ལན་བོད་དོན་གྲོས་ཆོད་གཏན་འབེབས་གནང་བ་བཅས་ལ་ལོ་འདི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ལོ་གལ་ཆེ་ཞིག་ཆགས་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་འདིའི་དབུ་ཁྲིད་རྣམས་ཀྱིས་ཕྱི་ལོ་ ༢༠༢༡ དང་དེའི་རྗེས་སུ་བོད་ཀྱི་གནད་དོན་དེ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་རྒྱུ་ཡིན་པའི་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་ཆགས་ཡོད་སྐོར་གསུངས་འདུག

གཞི་རྩའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་འདི་ལོའི་ཕྱི་ཟླ་དང་པོའི་ནང་གྲོས་ཚོགས་འོག་མ་ནས་གཏན་འབེབས་གནང་ཟིན་པ་ལྟར་ད་ལྟ་གྲོས་ཚོགས་གོང་མར་བསྣམས་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉེ་ཆར་ད་ལྟའི་ཨ་རིའི་གཞུང་འཛིན་དང་གྲོས་ཚོགས་ཀྱི་ལས་ཡུན་མ་རྫོགས་གོང་དུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་ཐབས་སླད་ཨ་རིར་ཆེད་ཕེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།