དེ་རིང་ཡུ་རོབ་རྒྱལ་ཁབ་ Latvia ཡི་རྒྱལ་ས་ Riga ནང་དུ་ Baltic States ཡི་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་དང་སྦྲགས། རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེའི་འོག་ནས་མ་འོངས་པར་རྒྱ་གཞུང་གིས་བོད་མི་དང་། ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པ་ཐེར་འདོན་གྱིས། རིང་མིན་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་བྱེ་བྲག་ཏུ་ཁྲིམས་ཡིག་དེ་དང་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་མཉམ་སྦྲེལ་སྤྱི་བསྒྲགས་སྤེལ་འཆར་ཡིན་འདུག
དེ་ཡང་དེ་རིང་ཕྱི་ཚེས་ ༣ ཉིན་ཡུ་རོབ་རྒྱལ་ཁབ་ Latvia ཡི་རྒྱལ་ས་ Riga ནང་དུ་ལཊ་ཝི་ཡའི་གྲོས་ཚོགས་འཐུས་མི་ Juris Viļums ལགས་ཀྱིས་གདན་ཞུས་ལྟར་ཡུ་རོབ་ Baltic States ཡི་རྒྱལ་ཁབ་ Estonia དང་ Latvia དེ་བཞིན་ Lithuania བཅས་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་ཆབ་སྲིད་མི་སྣ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས། དེ་བཞིན་བོད་མིའི་ཕྱོགས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་སོགས་ལྷན་ཞུགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་འདུག
གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཚོགས་འདུའི་ཐོག་གཙོ་བོ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེ་བཞིན་རིང་མིན་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པས། ཚོགས་ཞུགས་པ་རྣམས་ཀྱིས་ཁྲིམས་ཡིག་དེའི་འོག་ནས་མ་འོངས་པར་རྒྱ་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་སོགས་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་དྲག་གནོན་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་སྐོར་གསུངས་ཏེ། ཡུ་རོབ་གྱི་གྲོས་ཚོགས་འཐུས་མི་ཚང་མས་དུས་བཀག་དེའི་སྔོན་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཁྲིམས་འདིར་ངོ་རྒོལ་བྱེད་པའི་གྲོས་ཆོད་འགོད་དགོས་གལ་དང་། ལྷག་པར་ཡུ་རོབ་མཐུན་ཚོགས་ཁྱབ་ཁོངས་རྒྱལ་ཁབ་ཁག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་དགག་པ་བྱེད་པའི་གཅིག་མཐུན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་དགོས་གལ་སྐོར་གླེང་སློང་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མ་ཟད། དུས་མཚུངས་སུ་བོད་དོན་ཐོག་ཡུ་རོབ་མཐུན་ཚོགས་ནས་མཉམ་སྦྲེལ་སྲིད་བྱུས་ཆེད་འདོན་གནང་དགོས་གལ་ཐོག གོ་སྐབས་ནམ་བྱུང་ལ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་བོད་དོན་གླེང་སློང་དང་། ཨ་རི་ནང་བཞིན་ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པ་དང་འབྲེལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་གསུངས་བྱུང་།
དེ་བཞིན་དེ་རིང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་སི་ཏོ་ནི་ཡ་དང་ལ་ཏི་ཝི་ཡ། ལུ་ཐུ་ཝེ་ནི་ཡ་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཐུན་མོང་ཐོག་ནས་སྤེལ་འཆར་ཡོད་པའི་བོད་དོན་སྤྱི་བསྒྲགས་དེའི་ནང་དོན་ཁག་ད་ལྟ་ཕྱིར་བསྒྲགས་གནང་མེད་ཀྱང་། དེའི་ནང་གཙོ་བོ་རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད། རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་མ་ཟད། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། འདི་ལྟ་བུའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པ་སོགས་ཀྱི་དོན་ཚན་འཁོད་ཡོད་པ་གསུངས་བྱུང་།
གཞི་རྩའི་དེ་རིང་ཚོགས་འདུ་འདིའི་བརྒྱུད་ནས་མཉམ་འབྲེལ་སྤྱི་བསྒྲགས་རགས་ཟིན་དེ་བཞིན་ཚོགས་བཅར་བར་སྙན་སྒྲོན་དང་སྦྲགས། ཚོགས་བཅར་བ་རྣམས་ཀྱིས་དེའི་ཐོག་དགོས་ངེས་ཀྱི་བཅོས་སྒྲིག་དང་ཁ་སྣོན་སོགས་གནང་སྟེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་དེ་རིང་ནས་འགོ་འཛུགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམ་པས་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་རེད་འདུག




