Tibetan Royal Year of 2151 | Year of the Wood Dragon

 བོད་པའི་དྲྭ་དཔོན་བུད་མེད་ཅིག་རྒྱ་རིགས་ཁྱོ་གས་མེར་བསྲེགས་བཏང་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་རོང་ཁུལ་གྱི་བོད་རིགས་བུད་མེད་ལྷ་མོ་ལགས་ཁོང་གི་ཁྱོ་ག་སྔོན་མས་གཏུམ་སྤྱོད་ཀྱི་དྲག་སྤྱོད་འོག་གསོན་བསྲེགས་བྱས་ཏེ་རང་སྲོག་ཤོར་བར་མང་ཚོགས་ཀྱིས་སེམས་ཁྲལ་གྱིས།  གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་ནན་པོ་གནང་རྒྱུ་དང་འབྲེལ། སྤྱི་ཡོངས་ཀྱི་རང་ཁྱིམ་གྱི་གཏུམ་སྤྱོད་ཀྱི་རིགས་དང་འབྲེལ་བའི་གླེང་སློང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པར་འཁོད་འདུག དེ་ཡང་དེ་རིང་ HKFP ཞེས་པའི་ཧོང་ཀོང་གི་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  བོད་རིགས་བུད་མེད་ལྷ་མོ་ལགས་ཁོང་གི་ཁྱོ་ག་སྔོན་མས་ཟླ་བ་ ༩ བའི་ཚེས་ ༡༤ ཉིན་ཁོང་བཙན་དབང་གིས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་ཚེས་ ༡༧ ཉིན་ཟི་ཁྲོན་ཞིང་ཆེན་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་པར་ཁྲིད་ཡོད་པ་དང་། སྐབས་དེར་ཁོང་ལ་དོ་ཁུར་བྱེད་མཁན་རྣམས་ཀྱིས་དྲྭ་ཐོག་ནས་རྒྱ་སྒོར་ས་ཡ་གཅིག་ལྷག་བསྡུ་རུབ་བྱས་ཡོད་ནའང་། སྟབས་མ་ལེགས་པར་ཁོང་གི་གཟུགས་པོའི་བརྒྱ་ཆ་ ༩༠ ལྷག་མེར་བསྲེགས་ཐེབས་ཡོད་སྟབས་སྨན་བཅོས་བྱེད་ཐབས་མ་བྱུང་བར་ཟླ་འདིའི་ཟླ་འགོ ་ཚེས་ ༣༠ ཉིན་ཚེ་སྲོག་ཤོར་ཡོད་འདུག

གཞི་རྩའི་ལྷ་མོ་ལགས་ནི་དུས་རྒྱུན་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཁྲོད་དུ་བོད་རིགས་ཀྱི་ཟ་མ་གཡོ་སྐོལ་དང་རྒྱན་གོས་འགྲེམས་སྟོན། དེ་བཞིན་གླུ་གར་འཁྲབ་སྟོན་སོགས་བྱེད་ཀྱི་ཡོད་པའི་བོད་མི་དྲྭ་དཔོན་ཞིག་ཡིན་པདང་།  རྒྱ་ནག་གི་ཝེ་པཱོ་དང་མགྱོགས་འཕྲིན་སོགས་ཀྱི་སྐུད་ལམ་དུ་ཁོང་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་མ་ཟད།  དྲྭ་ཐོག་ནས་ཁོང་ལ་དོ་ཁུར་བྱེད་མཁན་མི་ ༨༨༥༠༠༠ ལྷག་ཡོད་པ་དང་།

ས་གནས་ཉེན་རྟོག་པའི་ཕྱིར་བསྒྲགས་དང་ཁོང་གི་གཅུང་མོ་ལགས་ཀྱི་ཚིག་ཐོ་ལྟར་ན། ལྷ་མོ་ལགས་ཀྱིས་དྲྭ་ཐོག་ནས་ཐད་གཏོང་བྱེད་སྐབས་ཁོང་གི་ཁྱོ་བོ་སྔོན་མ། རུས་མིང་ Tang ཅན་གྱིས་ཁོང་གི་གཟུགས་པོར་ས་སྣུམ་བྱོ་རྗེས་བཙན་གྱིས་ཁོང་མེར་བསྲེགས་བཏང་ཡོད་ལུགས་འཁོད་ཡོད་སྟབས། ད་ཆ་དྲྭ་ཐོག་ནས་ཁོང་ལ་དོ་ཁུར་བྱེད་མཁན་རྣམས་ཀྱིས་རྒྱ་རིགས་དེར་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་དགོས་ལུགས་ཀྱི་གླེང་སློང་བྱེད་བཞིན་ཡོད་ལྟར། རྒྱ་རིགས་དེ་འཕྲལ་དུ་འཛིན་བཟུང་བྱས་ཡོད་པར་འཁོད་འདུག

གསར་ཁང་གིས། ཐེངས་འདིའི་བོད་རིགས་བུ་མོ་ལྷ་མོ་ལགས་ཀྱི་དོན་རྐྱེན་དང་བསྟུན་ནས། རྒྱ་ནག་གི་ནང་གི་ནང་གི་གཏུམ་སྤྱོད་ཕོག་པའི་གནས་ཚུལ་གཞན་ཁག་ཅིག་ཕྱི་ལོ་ཐོན་ཡོད་སྐོར་ངོ་སྤྲོད་དང་སྦྲགས། གཞི་རྩའི་རྒྱ་ནག་གི་ནང་དུ་ཕྱི་ལོ་ ༢༠༡༦ ལོར་རང་ཁྱིམ་གྱི་གཏུམ་སྤྱོད་ཉེས་འཛུགས་ཀྱི་ཁྲིམས་འཆར་གསར་བཟོ་བྱས་ཡོད་ནའང་། གནད་དོན་དེའི་རིགས་ད་དུང་ཕྱི་ལ་ཁྱབ་ཐུབ་ཀྱི་མེད་སྐོར་འཁོད་པ་དང་སྦྲགས། རྒྱ་ནག་གི་སྤྱི་མང་གི་ཁྲིམས་སྒྲིག་གཏན་འབེབས་ཀྱི་ནང་དུ། གཉེན་འཐོར་བྱེད་མཁན་རྣམས་ཀྱིས་ཟླ་བ་གཅིག་གི་ནང་ཚུད་དུ་གནད་དོན་ཐག་གཅོད་བྱེད་དགོས་ལུགས་འཁོད་ཡོད་པ་ཡང་བསྒྲགས་འདུག

གཞི་རྩའི་བོད་ནང་དུ་རྒྱ་ནག་དང་བོད་མི་གཉེན་སྒྲིག་བྱེད་མཁན་ཉུང་ཉུང་ཡིན་ནའང་།  ཉེ་བའི་ལོ་འགའི་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས།  བསྲེས་སྦྱོར་གྱི་གཉེན་སྒྲིག་བྱེད་རྒྱུར་སྐུལ་མ་གཏོང་གི་ཡོད་པ་མ་ཟད།  བོད་མི་དང་རྒྱ་མི་གཉིས་གཉེན་སྒྲིག་བྱས་པ་ཡིན་ན། རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་ནང་དུ་འཛུལ་རྒྱུར་གོ་སྐབས་ཡག་པོ་ཡོད་པ་མ་ཟད།  སྲིད་གཞུང་གི་ངོས་ནས་བུ་ལོན་གཡར་རྒྱུ་སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་རེད།

གོང་གི་གནས་ཚུལ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་གྲོགས་མོ་ཚོགས་པ་གསར་འཛུགས་བྱེད་མཁན་གྱི་བསྟན་འཛིན་དཔལ་ཡོན་ལགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ཁྱིམ་གྱི་དྲག་སྤྱོད་ཀྱི་གནས་བབ་ཀྱི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཁྱིམ་གྱི་དྲག་སྤྱོད་ཀྱི་རིགས་མྱོང་མཁན་ཡོད་ནའང་། སྤྱི་ཚོགས་ཀྱི་ནང་དུ་ཁྲིམས་ལུགས་ཀྱི་གོ་རྟོག་ཞན་པ་དང་། བུད་མེད་རྣམས་དཔལ་འབྱོར་ཐོག་ནས་རང་རྐྱ་འཕེར་བ་མེད་པ། དེ་བཞིན་ཁྱོ་གས་གཅར་རྡུང་བྱེད་པ་དེ་ལམ་ལུགས་སྲོལ་གྱི་ངོ་བོར་ལྟ་བཞིན་པ་སོགས་ཀྱི་གནས་སྟངས་འོག     ཁྱིམ་གྱི་དྲག་སྤྱོད་ཀྱི་རིགས་ཕྱི་ལ་ཐོན་རྒྱུ་ཁག་པོ་ཡོད་པ་ལས་རྩ་བའི་བུད་མེད་དྲག་སྤྱོད་མྱོང་མཁན་ཡོད་པར་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།