བྱིས་པ་དགོན་པའི་ནང་དུ་འགྲོ་རྒྱུར་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པ་གསུངས་འདུག

Tibetan News Headlines

Geshe Jampa Lobsang: Bridging Cultures

ཪེས་གཟའ་ཉི་མ། ༢༠༢༦།༠༤།༠༥

དགོན་པ་གྲྭ་ཚང་ལས་འདས་ཏེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་དགེ་བཤེས།

དགོན་སྡེ་ཁག་ནི་ཆོས་ལུགས་སློབ་གཉེར་བྱེད་ས་ཙམ་མ་ཟད། རིག་གཞུང་བརྒྱུད་སྤེལ་དང་། སྐད་ཡིག་སྲུང་སྐྱོབ་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། འདས་པའི་མི་རབས་མང་པོའི་རིང་ལ་བོད་པའི་ཕྲུ་གུ་ཚོ་སློབ་གྲྭའི་གུང་གསེང་སྐབས་ཁྱིམ་ཚང་དང་མཉམ་དུ་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་པར་འགྲོ་སྲོལ་ཡོད་པ་མ་ཟད། ལྷག་པར་དུ་ལོ་གསར་སྐབས་སུ་དེ་ལྟར་དམིགས་བསལ་བྱེད་སྲོལ་ཡོད་ཀྱང་། རྒྱ་གཞུང་གིས་འདི་ལོའི་བོད་ཀྱི་ལོ་གསར་གོང་སྟེ་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༡ པོའི་ནང་དུ་བོད་ཁུལ་གྱི་སློབ་གྲྭའི་སློབ་ཕྲུག་རྣམས་དགུན་ཁའི་གུང་གསེང་སླད་རང་ཁྱིམ་དུ་སླེབས་པའི་ཁྲོད། ལོ་ན་ ༡༨ མ་ལོན་པའི་བྱིས་པ་རྣམས་དགོན་པའི་ནང་འཛུལ་མི་ཆོག་པའི་སྒྲིག་ཁྲིམས་ལག་བསྟར་བྱས་པ་མ་ཟད། སློབ་ཕྲུག་ཆུང་ཆུང་ཚོར་ཆོས་ལུགས་ཉམས་ལེན་མི་བྱེད་པ་དང་ཆོས་ལུགས་ཀྱི་ས་ཆར་མི་འགྲོ་བའི་སློབ་གསོ་སྤྲོད་རྒྱུ་ནི་སློབ་གྲྭ་དང་ཕ་མ་གཉིས་ཀའི་རྩ་བའི་འགན་འཁྲི་དང་ལས་འགན་ཞིག་ཡིན་པ་བཤད་འདུག

པར་དབང་། Tibet Watch

དེའང་འདི་ག་རླུང་འཕྲིན་ཁང་གིས་ཟླ་བ་འདིའི་ཟླ་སྟོད་དུ་བོད་ཀྱི་ས་ཕྱོགས་གང་སར་ན་ཆུང་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་བྱིས་པ་དགོན་པའི་ནང་དུ་འཁྲིད་པ་གཞུང་གིས་ཤེས་རྟོགས་འབྱུང་ན་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་གཏོང་བཞིན་པའི་གནས་ཚུལ་སྤེལ་ཟིན་ཡོད་པ་མ་ཟད། ཉེ་ལམ་བོད་གནས་ལྟ་ཞིབ་ཁང་གི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་སྤེལ་བ་དང་འབྲེལ། དེ་ནི་རྒྱ་གཞུང་གིས་དེ་སྔོན་ལོ་ན་བཅོ་བརྒྱད་ལས་ཆུང་བའི་བྱིས་པ་རྣམས་དགོན་པར་ཞུགས་རྒྱུ་དང་གྲྭ་པ་ཚོས་སྐད་ཡིག་སློབ་ཁྲིད་གནང་རྒྱུ་བཀག་འགོག་བྱེད་པའི་དེ་སྔའི་སྲིད་བྱུས་ཇེ་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། ད་ཆ་བྱིས་པ་རྣམས་དགོན་པའི་ནང་དུ་འགྲོ་རྒྱུར་དེ་ལྟ་བུའི་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པ་གསུངས་འདུག

བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། བོད་ཆབ་མདོ་སྨར་ཁམས་ཁུལ་གྱི་འོད་ཟེར་དགོན་པའི་ནང་གི་ཀ་བའི་སྟེང་བོད་རྒྱ་ཤན་སྦྱར་གྱི་གསལ་བསྒྲགས་ཤིག་སྦྱར་ཡོད་པའི་ནང་བྱིས་པ་རྣམས་དགོན་པའི་ནང་འཛུལ་མི་ཆོག་ཅེས་འཁོད་ཡོད་པ་མ་ཟད། ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་བོད་ཨ་མདོ་ཁུལ་གྱི་ས་གནས་སྲིད་གཞུང་གིས་ས་གནས་ཀྱི་ཕ་མ་རྣམས་ལ་བཀའ་རྒྱ་ཞིག་བཏང་བའི་ནང་།བྱིས་པ་རྣམས་དགོན་པའི་ནང་གཏོང་བ་དེས་བྱིས་པ་རྣམས་ཀྱི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཉེན་ཁ་བཟོ་ཡི་ཡོད་པ་དང་། ཁྲིམས་མཐུན་མེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ཀྱི་བྱིས་པ་རྣམས་ཀྱི་བསམ་བློ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཚུལ་བརྗོད་འདུག

པར་དབང་། Tibet Watch

ཕྱོགས་མཚུངས་ཉིན་དེ་རང་བོད་མཚོ་སྣུབ་ཁུལ་གྱི་ཐེམ་ཆེན་ས་ཁུལ་དུ་རྒྱ་ནག་གཞུང་གིས་བཀའ་རྒྱ་ཞིག་བཏང་བའི་ནང་། བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་འབྲེལ་ཡོད་འདུ་འཛོམས་སོགས་ཀྱི་ནང་འགྲོ་འོང་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་རྒྱུ་ནི་སློབ་གྲྭ་ཁག་དང་ཕ་མ་གཉིས་ཀར་འོས་འགན་ཡོད་ཅེས་གསལ་ཡོད་པ་མ་ཟད། ཆོས་དད་ཡོད་མཁན་ཡིན་མིན་ལ་ལྟོས་མེད་ཕ་མ་ཚོས་རང་ཉིད་ཀྱི་བྱིས་པ་རྣམས་ཆོས་ཕྱོགས་དང་འབྲེལ་བའི་མཛད་སྒོ་སོགས་ལ་མཉམ་བཞུགས་བྱེད་བཅུག་རྒྱུ་མེད་པ་དང་།དབྱར་ཁའི་དགུང་གསེང་སྐབས་ལའང་དགོན་པའི་ནང་འཛིན་གྲྭ་སོགས་ནང་མཉམ་བཞུགས་བྱེད་བཅུག་རྒྱུ་མེད་པའི་བཀའ་རྒྱ་བཏང་ཡོད་འདུག

གནས་ཚུལ་དེ་འབྲེལ་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་རྣམས་ཀྱིས་སེམས་འཚབ་མངོན་གསལ་གནང་བཞིན་འདུག་པ་མ་ཟད། བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་དེ་འབྲེལ་མཐོང་མ་ཐག་སེམས་སྐྱོ་བྱུང་ཞེས་བརྗོད་འདུག་པ་དང་འབྲེལ། རིམ་པའི་བོད་ཀྱི་རྩ་ཆེ་བའི་ནང་པའི་ཆོས་དང་རིག་གཞུང་སོགས་བརླག་འགྲོ་ཡི་རེད་ཅེས་བྲིས་འདུག་པ་དང་། ཁག་གཅིག་གིས་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཇུས་ཤིག་རེད་ཅེས། ཡང་ཁག་གཅིག་གིས་སྲིད་གཞུང་གིས་མི་སེར་ཚང་མར་ཆོས་དད་རང་དབང་སྤྲོད་ཀྱི་ཡོད་པར་བརྗོད་ཀྱི་ཡོད་ཀྱང་དགོན་པའི་ནང་བྱིས་པ་ཚོའི་འགྲོ་འོང་ལ་དམ་དྲག་བཀག་སྡོམ་བྱེད་དགོས་དོན་གང་ཡིན་ནམ་ཞེས་བརྗོད་འདུག

པར་དབང་། Tibet Watch

གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་བྱིས་པ་རྣམས་དགོན་པའི་ནང་འགྲོ་མི་ཆོག་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གང་གི་ནང་ལའང་གསལ་མེད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་འདོད་པ་གཞིར་བཟུང་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཅིག་ཡིིན་པ་འགྲེལ་བརྗོད་གནང་སོང་།

བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། དགོན་སྡེ་ཁག་ཏུ་བྱིས་པ་ཞུགས་མི་ཆོག་པའི་བཀག་སྡོམ་འདི་ནི་རྒྱ་ཆེ་བའི་ཆབ་སྲིད་དང་ཤེས་ཡོན་གྱི་ལས་འགུལ་ཞིག་གི་ཆ་ཤས་ཡིན་སྐོར་གསུང་བ་དང་འབྲེལ། ཐེམ་ཆེན་རྫོང་གི་ཤེས་ཡོན་ལས་ཁུངས་ཀྱིས་སྤེལ་བའི་བཀའ་རྒྱའི་ནང་། བྱིས་པ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་པ་དང་། དགོན་སྡེ་ཁག་ཏུ་བྱིས་པ་ཞུགས་མི་ཆོག་པ་ནི་སློབ་གསོ་དང་ཆོས་ལུགས་ཁ་ཁར་འབྱེད་པའི་ཁྲིམས་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་སྐོར་བརྗོད་དེ་ཆོས་ལུགས་ནི་བྱིས་པའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་ཉེན་ཁ་ཡིན་ཚུལ་གྱི་བརྡ་ལན་སྤྲད་པ་མ་ཟད། འདི་ལྟ་བུའི་བརྡ་ཁྱབ་དེ་བུ་བཅོལ་ཁང་ཁག་ཏུ་ཡང་ཤུགས་ཆེར་སྤེལ་བཞིན་ཡོད་པ་གསུངས་འདུག

པར་དབང་། Tibet Watch

དེ་འབྲེལ་བོད་ཁམས་ལི་ཐང་ནང་གི་སྔོན་འགྲོའི་སློབ་གྲྭ་ཞིག་དམག་དོན་སྦྱོང་བརྡ་བྱེད་སའི་ས་ཚིགས་ལྟ་བུར་བསྒྱུར་ཏེ་དེའི་ནང་སློབ་ཆུང་ཚོས་གསར་བརྗེའི་ལོ་རྒྱུས་སློབ་གསོ་ནང་མཉམ་ཞུགས་བྱེད་བཞིན་པ་མངོན་རྒྱུ་དང་། ཕྲུ་གུ་ཚོས་རྒྱ་ནག་དམར་པོའི་གཞུང་ལ་དགའ་ཞེན་དང་རྒྱལ་ཞེན་སོགས་ཀྱི་གླུ་གཞས་ལེན་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་མ་ཟད། པར་རིས་ནང་དུའང་ང་ནི་རྒྱ་མིའི་ཕྲུ་གུ་ཡིན། ངས་ཆུང་དུས་ནས་རྒྱལ་ཁབ་ལ་དགའ་ཞེས་བྲིས་ཡོད་པའི་འཕྲེད་དར་མཐོང་རྒྱུ་ཡོད་པ་གསལ་སགནང་བ་བཅས། ཆབ་སྲིད་དང་ལྟ་གྲུབ་ཀྱི་སློབ་གསོ་ནི་སློབ་གྲྭའི་དུས་སྐབས་སྔ་ཤོས་ནས་སྤྲོད་བཞིན་ཡོད་པར་སེམས་འཚབ་ཀྱི་རྣམ་པ་བཏོན་འདུག

མ་ཟད་བོད་མི་མང་པོའི་ཁྲོད་འཇིགས་སྣང་གཙོ་བོ་ནི་དགོན་སྡེ་ཁག་ལ་འགྲོ་ཐུབ་མིན་ཙམ་མ་ཡིན་པར། བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་རྒྱུན་མཐུད་དེ་མི་རབས་རྗེས་མར་གནས་ཐུབ་མིན་ཐད་ཀྱི་སེམས་ཁྲལ་ཆེན་པོ་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།