Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་ནང་གི་གནས་སྟངས་ཐོག་ཟུར་ཚོགས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

སུད་སི་ Geneva ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ པ་འཚོགས་བཞིན་པ་དང་བསྟུན། རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྒྲོགས་སྦྱང་གནང་སྟེ། མི་ལོ་ ༧༥ དང་བོད་ནང་གི་གནས་སྟངས། ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཚོགས་འདུག

ཁ་སང་ Society for Threatened people ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་སུད་བོད་ཀྱི་སྐུ་ཚབ་དོན་ཁང་ཟུང་འབྲེལ་ཐོག་རྒྱལ་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་མི་ལོ་ ༧༥ དང་བོད་ནང་གི་གནས་སྟངས། ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་ཚོགས་ཡོད་པ་ལྟར། དེའི་ཐོག་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་གཞུང་ཚབ་མི་སྣ་སོགས་ཚོགས་བཅར་བ་མང་དག་ཅིག་མཉམ་ཞུགས་གནང་ཡོད་པ་མ་ཟད། གསུང་བཤད་གནང་མཁན་ཁོངས་སུ་  Tibet Advocacy Coalition  ཞེས་བོད་དོན་ཞུ་གཏུག་ཚོགས་པའི་ལས་བྱེད་ལྕམ་ Gloria Montgomery ལགས་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས། དེ་བཞིན་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་བཅས་ཡོད་འདུག

སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། ལྷག་དོན་ཁོང་རང་ཉིད་རྒྱའི་བཙོན་ཁང་ནང་དངོས་སུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་པའི་དཀའ་སྡུག་ཁག་སྙན་སེང་ཞུས་པ་དང་འབྲེལ། གཞིས་བཞུགས་བོད་མི་རྣམས་ཀྱི་རེ་བ་དང་མངོན་འདོད་ཇི་ཡོད་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་དང་ཆབས་ཅིག ལྕམ་སྐུ་ Gloria ལགས་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་སྒོས་སུ་ད་ལྟའི་ཆར་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་ལག་བསྟར་བྱེད་བཞིན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་སྐད་གཙོ་བོར་འཛིན་པའི་ཤེས་ཡོན་སློབ་གསོ་དང་གཏན་འཇགས་སློབ་གྲྭའི་སྲིད་བྱུས་གཉིས་པོ་བོད་ནང་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཐོག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་པའི་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་དེ་བཞིན་རིག་གཞུང་བཅས་པ་རྩ་མེད་བཟོས་ཏེ་རྒྱ་རིགས་སུ་བསྒྱུར་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་ཤིག་ཡིན་པར་ནན་བརྗོད་གནང་བ་མ་ཟད། སྐབས་དེར་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་ཐོག་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་མིའི་ཆོས་རིག་སྐད་ཡིག་དང་ངོ་བོ་བཅས་པ་རྩ་མེད་གཏོང་བཞིན་པ་སོགས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སོགས་ཐེར་འདོན་གནང་བ་དང་སྦྲགས། འདི་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་མི་ལོ་ ༧༥ ཧྲིལ་པོ་འཁོར་གྱི་ཡོད་ཀྱང་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཆེས་ཛ་དྲག་ཅན་གྱི་གནས་བབ་ཆགས་ཡོད་པ་བཅས་ངོ་སྤྲོད་གནང་འདུག

རྩ་བའི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༣ པ་དེ་བཞིན་ཟླ་བ་འདིའི་ཚེས་ ༡༩ ནས་ཟླ་ ༧ ཚེས་ ༡༤ བར་ཚོགས་ཀྱི་ཡོད་པ་དང་། ལོ་ལྟར་རྒྱལ་ཚོགས་ཀྱི་ལྷན་ཚོགས་འཚོགས་པ་དང་བསྟུན་བོད་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཟུར་ཚོགས་འདྲ་མིན་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།