Tibetan Royal Year of 2151 | Year of the Wood Dragon

བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ Li Qiang འཇར་མི་ནིར་གཞུང་འབྲེལ་འཚམས་གཟིགས་སུ་སླེབས་པར་ངོ་རྒོལ་བྱས་འདུག

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

རྒྱ་ནག་གི་སྲིད་བློན་ Li Qiang  འཇར་མ་ནི་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་བ་དང་བསྟུན། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་བོད་ཀྱི་རྒྱལ་གླུ་བླངས་པ་དང་། བོད་ནང་དྲག་པོའི་སྲིད་བྱུས་རྣམས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འཕྲེད་དར་རིགས་བསྣམས་ཏེ་ངོ་རྒོལ་ཤུགས་ཆེ་བྱས་འདུག

དེ་ཡང་ Li Qiang ཟླ་བ་འདིའི་ཕྱི་ཚེས་ ༡༩ དང་ ༢༠  བཅས་ཉིན་གྲངས་གཉིས་རིང་འཇར་མ་ནི་ནང་གཞུང་འབྲེལ་འཚམས་གཟིགས་སླེབས་པ་དང་འབྲེལ། ཁ་སང་ཡུལ་དེའི་རྒྱལ་ས་ Berlin ནང་དུ་ Li Qiang གཙོས་རྒྱ་ནག་གི་ཚོང་ལས་སྡེ་ཚན་གྱི་འགོ་ཁྲིད་དང་། དེ་བཞིན་འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz མཆོག་གིས་གཙོས་འབྲེལ་ཡོད་འགོ་ཁྲིད་དབར་ཚོགས་དུ་ཚོགས་སྐབས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཚོགས་འདུའི་ས་ཚིགས་སུ་སྲིད་བློན་སྐུ་ཞབས་ Olaf Scholz ལགས་ཀྱི་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཁེ་ཕན་ཁོ་ན་མ་ཡིན་པར་བོད་གཙོ་བོར་གྱུར་བའི་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་མི་རིགས་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་གླེང་སློང་གནང་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་འཕྲེད་དར་ཕྱར་ཏེ་ངོ་རྒོལ་སྐད་འབོད་གནང་འདུག

དེའི་སྐོར་ངོ་རྒོལ་སྐད་འབོད་གོ་སྒྲིག་གནང་མཁན་ Tibet Initiative Deutschland ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ Zochbauer ལགས་སུ་བཀའ་འདྲི་ཞུ་སྐབས། ལས་འགུལ་དེའི་བརྒྱུད་བོད་ནང་གི་གནས་སྟངས་གསལ་འདོན་གནང་རྒྱུ་དང་། ལྷག་པར་དུ་སྲིད་བློན་ Olaf Scholz མཆོག་ནས་རྒྱ་ནག་གི་འགོ་ཁྲིད་དང་དངོས་སུ་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་མ་ཟད། རྒྱ་ནག་དང་ལྷན་དུ་ཆར་ཅན་ལྟ་བུའི་འབྲེལ་བ་དེ་མཚམས་འཇོག་དགོས་པའི་བརྡ་ལན་ཞིག་སྤྲོད་ཐབས་ཞུས་ཡོད་ཅེས་གསུངས་བྱུང་།

མ་ཟད་ཁོང་གིས་ཁ་སང་ས་གནས་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་ལས་འགུལ་བ་སོགས་ཡུལ་དེའི་གྲོང་ཁྱེར་ Hamburg ནང་ཡོད་པའི་རྒྱ་ནག་གི་དངུལ་ཁང་མདུན་དུའང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་སྐོར་དང་། སྐབས་དེར་འཇར་མ་ནིར་བོད་ཀྱི་གཏམ་བརྗོད་པཱ་ལགས་ཞེས་པ་དེ་འཁྲབ་སྟོན་གནང་བཞིན་ཡོད་པ་དེའི་བརྒྱུད་ནས་བོད་མི་རྣམས་ཀྱི་ཛ་དྲག་གནས་སྟངས་གསལ་བཏོན་གནང་ཡོད་པ་གསུངས་ཡོད།

གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་སྲིད་བློན་ Li Qiang ཡི་འཚམས་གཟིགས་དེ་ནི་ Germany དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་ཚོང་གི་འབྲེལ་ལམ་སྔར་ལྷག་སྲ་བརྟན་བཟོ་རྒྱུར་དམིགས་པ་ཞིག་ཡིན་འདུག་པ་དང་། དེ་ནི་ Li Qiang རྒྱ་ནག་གི་སྲིད་བློན་ཆགས་པའི་རྗེས་ཕྱི་ཕྱོགས་རྒྱལ་ཁབ་ཞིག་གི་ནང་སླེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། སང་ཉིན་དང་གནངས་ཉིན་ཕ་རན་སི་རྒྱལ་ས་ Paris ནང་ཚོགས་འཚོག་འཆར་ཡོད་པའི་དཔལ་འབྱོར་གྱི་ཚོགས་འདུ་ཞིག་གི་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།