དེ་རིང་གྲོས་ཚོགས་སུ་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད་ཕྱི་དྲིལ་བཀའ་བློན་མཆོག་གིས་འདས་པའི་ལོའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་བཞི་ནང་མ་གཏོགས་བསྐྱོད་ཐུབ་མེད་ཀྱང་དེས་དྲིལ་བསྒྲགས་ཀྱི་ལས་དོན་ལ་དོ་ཕོག་ཕྱིན་པར་ངོས་ལེན་ཞུ་ཐབས་བྲལ་བ་ཡིན་པའི་བཀའ་ལན་གནང་སོང་།

དེ་ཡང་དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་མཐའ་མའི་ལས་ཉིན་བཞི་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་བྱེད་ཕྱོགས་ཐད་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ནང་ནས་དམིགས་བསལ་ཕྱི་འབྲེལ་ལས་ཁུངས་ལ་གཞིས་ལུས་རྒྱ་ཆེ་མི་མང་གི་མགྲིན་ཚབ་གནང་རྒྱུའི་འགན་འཁྲི་འཕར་མ་ཡོད་སྟབས་ཐེངས་འདིའི་སྔོན་རྩིས་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་རྩིས་འགོ་གཅིག་ནང་ཧིན་སྒོར་འབུམ་ ༣ ལས་ཞུས་མེད་པ་དེ་ནི་བློ་ཕམ་རང་བཞིན་ཡིན་པ་དང་འདས་པའི་ལོའི་ནང་འབྲེལ་ཡོད་བཀའ་བློན་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་པ་དེ་ཙམ་མཐོང་མེད་པ་འགྲེལ་བརྗོད་ཀྱིས། ཕྱི་འབྲེལ་བཀའ་བློན་མཆོག་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུའི་ཐད་འཐུས་ཤོར་ཕྱིན་པའི་ཚོར་སྣང་བྱུང་ཡོད་པ་གསུངས་སོང་བར་བཀའ་བློན་མཆོག་གིས། འདས་པའི་ལོའི་ནང་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ་བཞུགས་སྒར་ཕྱི་ཕྱོགས་སུ་ཐེངས་བཞི་ལས་བསྐྱོད་ཐུབ་མེད་པ་དེས་དྲིལ་བསྒྲགས་ཀྱི་ལས་དོན་ལ་དོ་ཕོག་ཕྱིན་པར་ངོས་ལེན་ཞུ་ཐབས་བྲལ་བ་ཡིན་ཞེས་བཀའ་ལན་དང་སྦྲགས། ཐེངས་འདིའི་རྩིས་འགོ་གཅིག་ནང་དྲིལ་བསྒྲགས་ལ་ཧིན་སྒོར་འབུམ་གསུམ་ལས་མེད་པ་དེ་ནི་ལས་དོན་བྱེ་བྲག་པ་གཅིག་གི་དངུལ་འབོར་ཙམ་ཞིག་ཡིན་པ་དང་ལྷན་ཁང་འདིའི་ངོས་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་གལ་ཆེར་རྩིས་པའི་ཐོག་ནས་ཕྱི་ལོ་ ༢༠༢༤ ནས་བོད་དོན་དྲིལ་བསྒྲགས་ཀྱི་ཐབས་བྱུས་སྲིད་བྱུས་ཤིག་དགོས་གལ་གཟིགས་ཏེ་རོགས་ཚོགས་ཁག་གཅིག་ལྷན་དེ་འབྲེལ་བགྲོ་གླེང་དང་ཚོགས་འདུ་བསྡུ་བསྐོངས་ཀྱིས་ད་ཡོད་བེད་སྤྱོད་གཏོང་བཞིན་པའི་དྲིལ་བསྒྲགས་བརྒྱུད་ལམ་ལ་བསྐྱར་ཞིབ་ཀྱིས་ཡར་རྒྱས་གཏང་ཕྱོགས་ཐད་ཕྱི་འབྲེལ་ལས་ཁུངས་ཀྱི་དྲིལ་བསྒྲགས་ཐབས་བྱུས་ཀྱི་སྲིད་བྱུས་དགོས་པའི་དགོས་འདུན་བཏོན་ཡང་སྟབས་མ་ལེགས་པ་ཤིག་ལ་ལོ་དེར་རོགས་ཚོགས་དེ་ཉིད་སྒོ་བརྒྱག་དགོས་པའི་གནས་སྟངས་ཆགས་ནས་ལས་གཞི་དེ་གནས་སྐབས་མཚམས་བཞག་དགོས་བྱུང་ཡོད་ཀྱང་། བཀའ་ཤག་སྐབས་རྗེས་མར་ལས་གཞི་འདི་མཇུག་སྐྱོང་ཡོང་བར་འབོད་སྐུལ་ཞུས་ཡོད་པ་མ་ཟད། ད་ལྟའི་ཆར་རོགས་དངུལ་ཐབས་འཚོལ་ཆེད་ཚོགས་སྡེ་གང་སར་འབྲེལ་བ་ཞུས་ཡོད་པ་གསུངས་ཡོད།
དེའི་ཁྲོད་སྤྱི་འཐུས་མང་དག་ཅིག་ནས་འདས་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པའི་༸སྐུའི་གོ་སྟོན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བཀའ་ཤག་གི་ལམ་སྟོན་དང་གོ་སྟོན་ཚོགས་ཆུང་གི་འཆར་གཞི་འོག་ཕྱི་དྲིལ་ལས་ཁུངས་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་ལོ་འཁོར་མོའི་རིང་ལས་འགུལ་རྣམ་པ་འདྲ་མིན་ཐོག་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པ་དང་། སྒོས་སུ་༸རྒྱལ་བའི་གོ་སྟོན་སྲུང་བརྩི་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་རྒྱལ་ཁབ་ ༢༢ ནས་རྒྱལ་སྤྱིའི་ཆེས་མཐོའི་མི་སྣ་ ༣༦༥ ཙམ་གདན་ཞུས་ཐུབ་ནས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་ཐུབ་པར་ཕྱི་དྲིལ་བཀའ་བློན་དབུས་ལས་བྱེད་ཡོངས་ལ་ལེགས་གསོའི་བསྔགས་བརྗོད་གནང་བ་དང་འབྲེལ། མུ་མཐུད་ལས་དོན་ཚགས་ཚུད་དུ་གཏོང་དགོས་པའི་དགོངས་འཆར་ཕེབས་པར་བཀའ་བློན་མཆོག་གིས་ད་རེས་གོ་སྟོན་དང་འབྲེལ་བཞུགས་སྒར་དུ་རྒྱལ་སྤྱིའི་གནད་ཡོད་མི་སྣ་གང་ཙམ་གདན་ཞུས་ཐུབ་པ་དེ་ནི་འགོ་ལས་ཡོངས་ཀྱིས་འདས་པའི་ལོ་ཤས་ནས་སྒེར་སོ་སོར་མུ་མཐུད་འབྲེལ་བ་ཞུས་པའི་གྲུབ་འབྲས་ལ་བརྟེན་ནས་ཡིན་པ་གསུངས་སོང་།
ལྷག་པར་དུ་འདི་ལོ་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་མཇུག་སྡོམ་གྱི་རྣམ་པ་དང་འབྲེལ་ནས་བལ་ཡུལ་དང་འབྲུག་གི་སྐུ་ཚབ་གཉིས་གདན་ཞུས་ཐུབ་པའི་རེ་སྐུལ་ཞུས་པ་དང་། ཡང་ལ་ལས་ཕྱི་དྲིལ་བཀའ་བློན་མཆོག་ལ་བལ་ཡུལ་སྲིད་བློན་གསར་པར་དགའ་བསུའི་འཚམས་འདྲི་གནང་རྩིས་ཡོད་མེད་བཅས་ཀྱི་བཀའ་འདྲི་ཕེབས་སྐབས། བཀའ་བློན་མཆོག་གིས་དེ་འབྲེལ་ལན་འདེབས་གསལ་བཤད་གནང་སོང་།

གཞན་ཡང་བོད་མི་མང་སྤྱི་འཐུས་རྣམ་པས་བགྲོ་གླེང་ཁྲོད། འདས་པའི་ལོ་ཤས་ནས་འཛམ་གླིང་གི་ཆབ་སྲིད་ནང་འགྱུར་ལྡོག་ཆེན་པོ་དང་ཉེ་བའི་གཟའ་འཁོར་ཁ་ཤས་ནང་དམག་འཁྲུག་གི་ཛ་དྲག་གནས་སྟངས་ཆགས་ཡོད་པ་དེས་རྒྱལ་ཁབ་ཁག་གཅིག་ནང་ངལ་བ་འཕྲད་འགོ་འཛུགས་ཟིན་པ་ཡིན་སྟབས། དེ་འབྲེལ་དཀའ་ངལ་བོད་མིའི་སྒྲིག་འཛུགས་ལའང་ནམ་ཞིག་འཕྲད་སྲིད་པ་ཡིན་དུས་ཚང་མས་ད་ལྟ་ནས་འོག་སྒྲབས་ཀྱི་ཐོག་ནས་གྲ་སྒྲིག་གནང་གལ་ཆེ་བར་གཟིགས་ཀྱི་ཡོད་པ་དང་དེ་བཞིན་ཉི་འོང་ནང་དུ་གཞིས་སྤོའི་ལས་གཞི་བརྩམ་འཆར་དང་འབྲེལ་བའི་བཀའ་འདྲི་ཕེབས་པ་དེར་བཀའ་བློན་མཆོག་གིས་ལས་གཞི་དེའི་ཐད་མཁྱེན་རྟོགས་ཡོད་པའི་ཐོག་ནས་ཉི་ཧོང་དོན་གཅོད་ལྷན་བཀའ་བསྡུར་ཞུས་ཀྱང་ད་ཆ་ཁུལ་དེའི་མི་མང་དང་ཆབ་སྲིད་ཚོགས་པའི་ཐོག་ནས་དེར་དོགས་ཟོན་གནང་གི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གཞིས་སྤོ་ལས་གཞི་རང་སྤེལ་རྒྱུ་ཁག་པོ་ཡིན་ཡང་ལག་ཤེས་ལྡན་པའི་མི་སྣའི་དགོས་མཁོ་ལ་གཞིགས་པའི་ད་ཆ་ཁུལ་དེར་བོད་མི་གཉིས་འགྲོ་ཐུབ་ཐབས་ཀྱི་འབད་བརྩོན་ཞུ་མུས་ཡིན་པ་གསུངས་སོང་།
སྤྱི་འཐུས་རེ་བཟུང་གིས་ད་ཆ་དྲྭ་རྒྱ་དང་བཅོས་མའི་རིག་རྩལ་གྱི་དུས་རབས་ཤིག་ཡིན་སྟབས་ཕྱི་འབྲེལ་གྱི་ལས་དོན་རྣམས་ཀྱང་དུས་རབས་ཀྱི་རྗེས་ཟིན་པའི་ཐོག་ནས་དྲིལ་བསྒྲགས་སྔར་ལྷག་གནང་གལ་ཆེ་བར་གཟིགས་ཀྱི་ཡོད་པ་གསུངས་ནས་དེའི་ཐོག་ལས་འཆར་གང་ཡོད་མེད་དང་མ་འོངས་གོམ་པ་སྤོ་རྒྱུའི་འཆར་གཞི་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཕེབས་པར། བཀའ་བློན་མཆོག་གིས་དུས་ལ་འཚམས་པའི་དྲིལ་བསྒྲགས་གནང་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཀྱང་དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་སྡེ་ཚན་དེ་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པར་བརྟེན་ལས་བྱེད་ཀྱི་ནུས་པ་འདང་ངེས་བཞིན་ཡོད་པ་སོང་ཙང་བཅོས་མའི་རིག་རྩལ་གྱི་ལས་འཆར་ཐོག་དགོངས་པ་བཞེས་རྒྱུ་བྱུང་མེད་ཀྱང་། དེ་དང་འབྲེལ་བ་གནང་རྒྱུའི་འདུན་པ་མེད་པ་ཞིག་གཏན་ནས་མིན་སྐོར་གསུངས་སོང་བ་དང་། བར་སྐབས་ཤིག་ལ་ཕྱི་དྲིལ་ལས་ཁུངས་ངོས་ནས་སྐད་རིགས་འདྲ་མིན་གྱི་དུས་ཐུང་གློག་བརྙན་བཟོ་རྒྱུའི་འཆར་གཞི་དང་འབྲེལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ལྷན་དུ་གོ་བསྡུར་བྱུང་ཡང་རོགས་དངུལ་ཆད་པའི་རྐྱེན་གྱིས་ལས་འཆར་དེ་གྲུབ་མེད་པ་གསུངས་ཡོད།
དེ་བཞིན་སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་གནད་འགག་དང་ལས་དོན་ལས་འཕྲོས་ཏེ་ France རྒྱལ་ས་པེ་རི་སི་ནང་སྐུ་ཚབ་གཅོད་དོན་ལས་ཁུངས་ཆེད་འཛུགས་ཀྱིས་དེའི་ནང་ལས་བྱེད་ཉུང་མཐར་གཉིས་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་བར་བཀའ་བློན་མཆོག་གིས་ France འབྲེལ་མཐུད་ལས་ཁུངས་ཀྱི་གནས་སྟངས་དངོས་འབྲེལ་ཡིན་པ་དང་དེའི་ཐོག་འབད་བརྩོན་གནང་མུས་མ་ཟད། བཀའ་ཤག་གི་འཛིན་སྐྱོང་ཚོགས་འདུའི་ཐོག་ལ་ད་ཡོད་ཀྱི་ France འབྲེལ་མཐུད་ལས་ཁུངས་དེ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོ་བོར་བསྒྱུར་ཐབས་སུ་དགོངས་བཞེས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པའི་བཀའ་ལན་གནང་སོང་།
མ་ཟད་དེ་རིང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད། དེ་སྔ་གྲོས་ཚོགས་ནས་ཨ་རིའི་ Minnesota ནང་དུ་དམིགས་བསལ་གཞིས་ཆགས་ཤིག་འཛུགས་རྒྱུའི་ཐད་ཧིན་སྒོར་ས་ཡ་བཞི་བཀའ་ཁྲོལ་གནང་བའི་གནས་སྟངས་དང་འབྲེལ་ནས་ད་ཆ་དེའི་གནས་བབ་དང་གནས་ལུགས་གང་ཆགས་མིན་སྐོར་གླེང་སློང་བྱུང་སོང་།
དེ་མིན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་ཕྱི་དྲིལ་སྒྲ་བརྙན་ཚན་པའི་ལས་དོན་ཚགས་ཚུད་དུ་གཏང་དགོས་པ་དང་ Belgium བོད་རིགས་ཚོགས་པའི་གནས་སྟངས་ཇི་ཆགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ལས་གཞིའི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་ཆེ་ཙམ་བཟོ་དགོས་གལ་དང་འབྲེལ་བའི་དགོངས་འཆར་དང་བཀའ་འདྲི་གནང་བ་སོགས་ཁྱོན་སྤྱི་འཐུས་ ༢༢ ཡིས་བགྲོ་གླེང་ནང་ཆ་ཤས་བཞེས་ཡོད།



