Tibetan Royal Year of 2151 | Year of the Wood Dragon

འཕགས་བོད་ས་མཚམས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་སོང་།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཟླ་བ་འདིའི་ཚེས་ ༡༨ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གི་འོག་འཕགས་བོད་ས་མཚམས་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་བ་དེ་དེ་རིང་སྦིར་གཞིས་ཆགས་སུ་མཇུག་སྒྲིལ་གནང་སོང་།དེ་རིང་མཇུག་སྡོམ་གྱི་ལས་འགུལ་དེའི་ཐོག་ས་གནས་ཀྱི་རྒྱ་གར་གཞུང་འཛིན་ཚོགས་པའི་དབུ་ཁྲིད་དང་།  གཞན་ཡང་སྦིར་ས་གནས་འགོ་འཛིན་དང་རང་བདེན་ཚོགས་པའི་ཚོགས་མི། དེ་བཞིན་རྙིང་མ་དགོན་གྱི་སྐུ་ཚབ། གཞན་ཡང་ནང་ཆེན་དང་སྡེ་དགེ་སོགས་ཀྱི་ཚོགས་སྐྱིད་ཁག་གི་ཚོགས་མི་བཅས་ཀྱིས་སྦག་སྦག་སྐོར་སྐྱོད་པ་རྣམས་ལ་སྣེ་ལེན་གནང་སོང་།

སྐབས་དེར་མན་ཌི་རྫོང་ཁོང་གི་རྒྱ་གར་གཞུང་འཛིན་ཚོགས་པའི་ཆབ་སྲིད་ཀྱི་གཙོ་འཛིན། སྐུ་ཞབས་ཨཱ་རྗེ་ལགས་ཀྱིས་ཁེ་ཉིན་ཕྱི་ཚེས་ ༡༨ ཉིན་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀི་ཤཱན་ཀཱ་པུར་མཆོག་གིས་འཕགས་བོད་ས་མཚམས་ཀྱི་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་བར་དགའ་ཚོར་བྱུང་སྐོར་གསུངས་པ་དང་སྦྲགས། ད་ལན་བོད་དོན་ལས་འགུལ་བ་རྣམས་འཕགས་བོད་གཉིས་ཀྱི་ས་མཚམས་བར་སྦག་སྦག་སྐོར་སྐྱོད་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཐུབ་པར་དགའ་བསུའི་འཚམས་འདྲི་ཡོད་པར་གསུངས་པར་མ་ཟད། རྒྱལ་ཁབ་ཀྱི་རང་དབང་ཆེད་དུ་ང་ཚོ་ཚང་མ་ཆིག་སྒྲིག་གི་ཐོག་ནས་ཕྱག་ལས་གནང་རྒྱུ་དང་དེ་ལྟར་གནང་བར་ཐུགས་རྗེ་ཆེས་ཞེས་སོགས་གསུངས་ཡོད་པ་རེད། དེ་བཞིན་སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་ཁྲོད་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་དུ། སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལམ་ལྷོང་བྱུང་ཡོད་པ་དང་འབྲེལ་ནས། འཕགས་བོད་གཉིས་ལ་ལོ་རྒྱུས་ཀྱི་ཐོག་ནས་ཆོས་ལུགས་དང་རིག་གཞུང་། དེ་བཞིན་སྐད་ཡིག་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་ལུང་འདྲེན་གྱིས། ཐེངས་འདིར་རྒྱ་གར་གྱི་དཔོན་རིགས་དང་མི་མང་ཡོངས་ལ་མཐའ་མཚམས་ཁག་སྲུང་སྐྱོབ་ཀྱིས་ཞི་བདེ་བརྟན་བརླིང་དགོས་ན་བོད་རང་བཙན་ལ་རྒྱབ་སྐྱོར་དགོས་བའི་སྐོར་ནས་འབོད་སྐུལ་རིམ་པ་གནང་ཐུབ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་ལས་འགུལ་དང་འབྲེལ་ནས། གང་མགྱོགས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་འགོ་རྩོམ་རྒྱུ་ཡིན་པར་གསུངས་སོང་།

དེ་བཞིན་འདི་གའི་གསར་འགོད་པའི་ཐེངས་འདིའི་སྦག་སྐོར་སྐྱོད་ནང་ལྡི་ལི་ནས་འཛུལ་ཞུགས་བྱེད་མཁན་ཕུར་བུ་རྡོ་རྗེ་ལགས་སུ་ས་མཚམས་སུ་སྐྱོད་དུས་ཚོར་བ་ག་རེ་བྱུང་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་སྐོར་སྐྱོད་ཀྱི་ཁྲོད་ནས་རྒྱ་གར་གྱི་དཔོན་རིགས་དང་མི་མང་གིས་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་ཤེས་རྟོག་བྱུང་ཡོད་པ་དང་། དེ་བཞིན་མཐའ་མཚམས་སུ་སླེབས་དུས་རི་བོ་དེའི་ཕར་ཕྱོགས་ན་ཕ་ཡུལ་ཡོད་པར་བརྗོད་དུས་ཕ་ཡུལ་དང་ཁ་ཐག་ཉེ་རུ་ཕྱིན་པའི་ཚོར་བ་བྱུང་།

དེ་བཞིན་བློ་བཟང་ནམ་མཁའ་ལགས་ཀྱིས་ཐོག་མར་ལས་འགུལ་ལ་འཛུལ་ཞུགས་བྱེད་སྐབས་རི་བོ་མཐོ་ས་ཞིག་ཕར་རང་གི་ལུང་པ་མཐོང་ཐུབ་ས་ཞིག་ལ་འགྲོ་རྒྱུ་རེད་བསམ་པའི་རྨི་ལམ་ཡོད་ནའང་། མཐའ་མཚམས་སུ་རྒྱ་གར་གྱི་དམག་མི་ཡོད་པས་གངས་རི་མཐོང་ཐུབ་ཙམ་ལས་ཕ་ཡུལ་མཐོང་ཐུབ་མ་བྱུང་བར་འདོད་བློ་དེ་ཙམ་མ་ཁེང་ནའང་། སྤྱི་ཡོངས་ཀྱི་ཆ་ནས་ཐེངས་འདིའི་སྐོར་སྐྱོད་དེར་གྲ་སྒྲིག་ལེགས་པོ་གནང་ཡོད་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་དུ། བཞུགས་སྒར་ཁུལ་དང་རྡེ་ར་རྡུན་ཁུལ། དེ་བཞིན་ལྡི་ལི་དང་སྦིར་གཞིས་ཆགས་སོགས་ཀྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དྲུག་གི་བོད་མི་རྣམས་ཀྱིས་མཉམ་ཞུགས་གནང་ཡོད་པ་ལྟར། བཞུགས་སྒར་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ཁུ་ནུ་ཁུལ་གྱི་འཕགས་བོད་ས་མཚམས་བར་སྦག་སྦག་སྐོར་སྐྱོད་གནང་བ་བརྒྱུད་ནས་ལམ་བར་གྱི་གྲོང་ཁྱེར་ཆེ་ཁག་ཡོངས་ནས་གསར་འགོད་གསལ་བསྒྲགས་གནང་བ་མ་ཟད། ཁུ་ནུ་ཁུལ་གྱི་འཕགས་བོད་ས་མཚམས་སུ་ཡང་གསར་འགོད་གསལ་བསྒྲགས་བསྐྱངས་་བ་དང་འབྲེལ་བོད་ཀྱི་མཐའ་མཚམས་ཀྱི་གངས་རིར་ཁ་འཁོར་ནས་བསང་གསོལ་བཏང་བ་སོགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།