ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༡༤ བར་ཉིན་གྲངས་གཅིག་དང་ཕྱེད་ཀའི་རིང་ཡོ་རོབ་སྦེལ་ཇམ་གྲོང་ཁྱེར་ Huy དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པ་བསྐོང་ཚོགས་བརྒྱུད་༸སྐུའི་ཡང་སྲིད་ཀྱི་སྐུ་དབང་ཆ་ཚང་༸གོང་ས་མཆོག་ཁོ་ནར་མ་གཏོགས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་འབྱུང་འགྱུར་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་༸གོང་ས་མཆོག་གི་ཡང་སྲིད་ཡིན་ཟེར་བར་ངོས་འཛིན་གནང་སྐྱོང་མི་ཡོང་བ་སོགས་དོན་ཚན་དྲུག་ཅན་གྱི་སྤྱི་མོས་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་། སྦེལ་ཇམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་ཞུས་པའི་ཚོགས་ཆེན་དེའི་ཐོག་ཡོ་རོབ་རྒྱལ་ཁབ་ ༩ ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གྲངས་ ༢༨ ཀྱི་ཚོགས་བཅར་བ་མི་གྲངས་ ༤༤ ནས་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་གྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་ནས་གསུང་འཕྲིན་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཆེད་ཕེབས་གནང་འདུག
ཚོགས་བཅར་བ་རྣམས་ཀྱིས་ཚོགས་ཆེན་དེའི་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གྱི་ཚུལ་དུ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དོན་ཚན་ ༦ ཅན་གྱི་སྤྱི་མོས་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ནང་པའི་རྗེས་འབྲངས་པ་ཚུད་པའི་སྤྱི་ཡོངས་ཀྱི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་བཅས་ཀྱི་ཐད་ལ་ཞབས་འདེགས་བླ་ན་མེད་པ་མཛད་ཡོད་པར་ངོས་འཛིན་གྱིས་༸གོང་ས་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་དགོངས་ཡོངས་སུ་འགྲུབ་པའི་གསོལ་འདེབས་ཤུགས་ཆེན་ཞུ་རྒྱུ་དང་། ༸གོང་ས་མཆོག་དང་བོད་མི་མང་། ནང་པ་སངས་རྒྱས་པ། དེ་བཞིན་མགོན་པོ་༸གང་ཉིད་ཀྱི་རྗེས་འཇུག་པ་ས་ཡ་མང་པོ་བཅས་ཀྱི་དབར་ལ་དབྱེར་མེད་ཀྱི་ལས་འབྲེལ་ཡོད་པར་རྩི་འཇོག་བྱས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་གནས་དགོས་པའི་ཞུ་བ་འབུལ་རྒྱུ།

མ་ཟད་༸སྐུའི་ཡང་སྲིད་ངོས་འཛིན་ཐད་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་གསལ་བསྒྲགས་མཛད་པའི་ནང་གསལ་ལྟར་ཡང་སྲིད་ཀྱི་བདག་དབང་ཡོངས་སུ་རྫོགས་པ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་དགའ་ལྡན་ཕོ་བྲང་གཉིས་ལས་གཞན་སུ་ལའང་དབང་ཆ་མེད་ལུགས་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱ་ཐབས་ཀྱི་འབད་བརྩོན་ལ་མཐའ་གཅིག་ཏུ་དགག་པ་དང་ངོ་རྒོལ་གྱིས། རྒྱ་ནག་ནས་༸སྐུའི་ཡང་སྲིད་འདེམས་སྒྲུག་ལ་སྟངས་འཛིན་བྱེད་ཐབས་སུ་ཁྲིམས་ལུགས་མང་པོ་གཏན་འབེབས་བྱས་ཡོད་པར་མངོན་གསལ་དོད་པོའི་ཆབ་སྲིད་རང་བཞིན་ཅན་གྱི་བྱ་སྤྱོད་འདི་ལྟ་བུར་མཐའ་གཅིག་ཏུ་ངོ་རྒོལ་དང་སྦྲགས། ཡང་སྲིད་ངོས་འཛིན་བྱེད་རྒྱུ་ནི་རང་བཞིན་གྱི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས། ཆོས་ཁས་མི་ལེན་མཁན་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐེ་བའི་སྲིད་གཞུང་དང་རྒྱལ་ཁབ་གཞན་སུ་ལའང་གནད་དོན་འདིའི་ཐོག་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད་པ་བཀོད་འདུག
དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་ལེན་གནང་རྒྱུ་མེད་པའི་ཞུ་འབོད་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་དང་། རྒྱ་ནག་འགོ་ཁྲིད་ཚོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། མི་རིགས་ངོ་བོ་བཅས་ལ་རྒྱུན་ཆད་མེད་པར་གཏོར་བཤིག་གཏོང་བཞིན་པ་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་བྱ་སྤྱོད་འདི་ལྟ་བུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ་བཅས་འཁོད་འདུག

འདི་ག་གསར་འགོད་པས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཚོགས་ཆེན་དེ་ལྟ་བུ་བསྐོང་ཚོགས་གནང་དགོས་པའི་གཞི་རྩའི་དམིགས་ཡུལ་ངོ་སྤྲོད་ཀྱིས། རྩ་བའི་ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཚོགས་བཅར་བ་རྣམས་ལ་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དྲན་སྐུལ་གནང་བ་དང་། བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར་ཆོས་དང་རིག་གཞུང་གི་ཆ་ནས་གནད་འགག་ཆེན་པོ་ཆགས་ཡོད་སྟབས་ཆོས་ཚོགས་ཁག་ལྷན་བཞུགས་ཀྱིས་འདི་ལྟ་བུའི་ཚོགས་ཆེན་བསྐོང་ཚོགས་གནང་དགོས་གལ་ཡིན་པ་གསུངས་འདུག་པ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཁྲོད་བླ་སྤྲུལ་རྣམ་པའི་ཡང་སྲིད་ཕེབས་ཕྱོགས་སྐོར་དང་ལྷག་དོན་རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བཀའ་སློབ་གནང་འདུག

སྦེམ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐད་གྲོས་ཆོད་དོན་ཚན་དྲུག་ཁོངས་ནས་ཁག་གཅིག་གསལ་འདོན་གྱིས། ཐེངས་འདིའི་ཚོགས་ཆེན་བརྒྱུད་གཙོ་བོ་ཚོས་ཚོགས་ཁག་གི་སྐུ་ཚབ་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གི་འཁྱོག་བཤད་རིགས་ཐེར་འདོན་གཙོས་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ཐུགས་འགན་མང་ཙམ་བཞེས་གནང་དགོས་པའི་འབོད་སྐུལ་གནང་སོང་།
གཞི་རྩའི་དེ་སྔའི་ཡོ་རོབ་བོད་བརྒྱུད་ནང་བསྟན་ཚོས་ཚོགས་ཀྱི་ཚོགས་ཆེན་དང་པོ་ཕྱི་ལོ་ ༢༠༠༥ ལོར་སུད་སིའི་ཛུ་རིག་གྲོང་ཁྱེར་ནང་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༡༣ ལོར་སུད་སིའི་ Fribourg དེ་བཞིན་ཐེངས་གསུམ་པ་ཕྱི་ལོ་ ༢༠༡༩ ལོར་སྦེལ་ཇམ་དུ་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་ཡོ་རོབ་རྒྱལ་ཁབ་ ༩ ནས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གྲངས་ ༢༨ ཀྱི་ཚོགས་བཅར་བ་མི་གྲངས་ ༤༤ ནས་ལྷན་བཞུགས་གནང་བའི་ཐོག དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། ཕ་རན་སཱའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ལྷན་ཞུགས་གནང་འདུག





