Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འདས་ལོར་ཁ་བྲལ་བ་དང་འཇིགས་སྐུལ་སོགས་ལ་ཁག་དཀྲིས་ནས་བོད་དང་ཤིན་ཅང་ནང་དྲག་གནོན་བྱེད་མུས་མངོན་གསལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གི་དེ་སྔ་བཞིན་འདས་ལོ་ནང་དུའང་བོད་དང་ཤིན་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ཁ་བྲལ་བ་དང་འཇིགས་སྐུལ་ལ་གདོང་ལེན་སོགས་ལ་ཁག་དཀྲིས་ནས་བོད་དང་ཤིན་ཅང་ནང་དུ་དྲག་གནོན་བྱེད་མུས་མངོན་གསལ་གནང་འདུག

ཉེ་ཆར་ཚེས་ ༢༨ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲ་གནས་ཐོག་ཕྱི་ལོ་ ༢༠༢༢་༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ་སྔ་ལོར་རྒྱ་ནག་ཏུ་དམར་ཤོག་སྲིད་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་ཁྲོད་མང་ཚོགས་ཕོན་ཆེ་ཞིག་ལ་འཕྲོད་བསྟེན་དང་ཟས་འདང་ངེས་མ་རག་པའི་དཀའ་ངལ་འཕྲད་ཡོད་པར་མ་ཟད། སྲིད་གཞུང་གི་སྲིད་བྱུས་དང་ལས་དོན་ལ་སྐྱོན་བརྗོད་གནང་མཁན་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། མང་གཙོ་དོན་གཉེར་བ། ཆོས་ལུགས་ཀྱི་འགོ་ཁྲིད་དང་ཆོས་དད་པ་རྣམས་འཛིན་བཟུང་དང་བཀག་ཉར་སོགས་ཀྱི་བྱ་སྤྱོད་མུ་མཐུད་ནས་སྤེལ་བཞིན་ཡོད་པར་ཆེས་མངོན་གསལ་གནང་འདུག

ལྷག་པར་དུ་བོད་དང་ཤིན་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དུ་དྲག་གནོན་མུ་མཐུད་བྱས་པ་མ་ཚད་པར་རྒྱལ་ཚོགས་ནང་དུའང་རྒྱ་ནག་གིས་ཤིན་ཅང་ནང་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་གཙོས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐེར་འདོན་གནང་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙན་ཐོར་བཀག་སྡོམ་བྱ་ཐབས་སུ་བྱ་སྤྱོད་སྤེལ་ཡོད་པ་མངོན་གསལ་གནང་ཡོད།

དེ་བཞིན་བོད་དང་ཤིན་ཅང་སྐོར་གྱི་སྡེ་ཚན་ནང་སྔ་ལོར་རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་གཉིས་པོར་རྒྱལ་ཁབ་ཁ་བྲལ་བར་གདོང་ལེན་དང་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་སོགས་ལ་ཁག་དཀྲིས་ནས་བོད་དང་ཤིན་ཅང་ནང་དྲག་གནོན་བྱེད་མུས་ཁྲོད། ས་ཁུལ་དེ་དག་གཉིས་པོའི་ནང་འགྲུལ་སྐྱོད་སོགས་ལ་བཀག་སྡོམ་ཆེས་ཆེར་བྱེད་བཞིན་ཡོད་སྟབས་ས་ཁུལ་གྱི་གནས་སྟངས་དངོས་ཤེས་རྟོགས་དཀའ་བ་གྱུར་ཡོད་པར་མ་ཟད། བོད་དང་ཤིན་ཅང་གི་མང་ཚོགས་རྣམས་ལ་ལྟ་སྲུང་ཚད་བརྒལ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱིས་བཟོད་པར་དཀའ་བའི་སྲིད་བྱུས་ལག་བསྟར་བྱས་པར་གསལ་བཀོད་གནང་འདུག

བོད་ནང་དུ་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་དང་ཆོས་དད། སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས་སོགས་ཀྱི་རང་དབང་བརྩི་མེད་རྡོག་རོལ་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་ཀྱང་། བོད་མི་རྣམས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་མུ་མཐུད་སྤེལ་བཞིན་ཡོད་པའི་ཁྲོད་སྔ་ལོར་དཀར་མཛེས་མི་མང་ཁྲིམས་ཁང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གཙོས་བོད་མི་དྲུག་ཙམ་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་ལྕི་མོ་བཏང་ཡོད་པ་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་སོགས་ཀྱི་ཉེས་འཛུགས་འོག་ལོ་ ༤ ནས་ ༡༤ བར་གྱི་བཙོན་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༨ པའི་ནང་འཛིན་བཟུང་བྱས་རྗེས་ཕྱི་ལོ་ ༢༠༢༠ ལོར་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་མྱོང་བཞིན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ལ་རང་གི་ནང་མི་དང་ཁྲིམས་རྩོད་པའི་ལྷན་དུ་ཐུག་འཕྲད་ཆོག་མཆན་སྤྲད་མེད་པ་སོགས་གསུངས་ཏེ་བོད་ནང་གི་བོད་མི་རྣམས་ལ་ཆེས་ཡ་ང་བའི་གནས་སྟངས་གང་དང་གང་འཕྲད་ཀྱི་ཡོད་པ་མངོན་གསལ་གནང་འདུག

སྙན་ཐོ་ནང་ད་དུང་སྔ་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞི་འོག་མང་གཙོའི་ལས་འགུལ་བ་དང་། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཅས་ལ་དྲག་གནོན་མུ་མཐུད་བྱས་ཡོད་པ་སོགས་མངོན་གསལ་དང་སྦྲགས། འདི་ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གཏན་འབེབས་གནང་ནས་ལོ་ངོ་ ༧༥ འཁོར་བའི་དུས་ཚིགས་དང་བསྟུན། ཁྲིམས་དང་སྒྲིག་གཞི་ལྡན་པའི་རྒྱལ་སྤྱིའི་འགྲོ་ལུགས་ཤིག་ངེས་པར་དུ་དགོས་གལ་དང་། ཡོངས་ཁྱབ་ཀྱི་ཐོག་ནས་ལག་བསྟར་བྱེད་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།