Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འབྲུག་ཡུལ་དང་རྩོད་རྙོག་ཡོད་པའི་ས་མཚམས་ཁུལ་དུ་གཞིས་ཀ་རྩེའི་མང་ཚོགས་གཞིས་སྤོ་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གིས་འབྲུག་ཡུལ་དང་རྩོད་རྙོག་ཡོད་པའི་ Tamalung དང་ Gyalaphug ས་མཚམས་ས་ཁུལ་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་བའི་ཁྲོད།  Tamalung ས་ཁུལ་གྱི་གྲོང་ཚོ་གསར་རྒྱག་ནང་བོད་གཞིས་ཀ་རྩེ་ཁུལ་གྱི་མང་ཚོགས་རྣམས་བཙན་གྱིས་གཞིས་སྤོ་བྱེད་བཞིན་པ་མངོན་གསལ་གནང་འདུག

རྒྱ་གཞུང་གིས་དབུལ་ཕོངས་ཡང་དུ་གཏོང་ཐབས་ཞེས་པའི་སྲིད་བྱུས་འོག་འབྲུག་ཡུལ་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་ཁག་ཏུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པའི་ཁྲོད། ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདས་ལོ་ནང་རྒྱ་གཞུང་གིས་འབྲུག་ཡུལ་དང་རྩོད་རྙོག་ཡོད་པའི་ས་ཁག་གསུམ་གྱི་ཁོངས་ནས་ Tamalung ས་མཚམས་ས་ཁུལ་དུ་དེ་སྔ་ཁྱིམ་ཚང་ ༧༠ ལས་མེད་པའི་ས་མཚམས་གྲོང་ཚོའི་ལས་གཞི་དེ་ཉིད་ལྡབ་གཅིག་ལྷག་རྒྱ་སྐྱེད་བཏང་སྟེ། ད་ཆ་ཁྱིམ་ཚང་ ༢༣༥ ཙམ་གནས་སྡོད་བྱ་ཡུལ་གྲོང་ཚོ་འཛུགས་སྐྲུན་བྱས་པའི་འོག ༢༠༢༣ ལོའི་ཟླ་ ༡༢ ཚེས་ ༢༨ ཉིན་ Tamalung གྲོང་ཚོ་གསར་པའི་ནང་བོད་གཞིས་ཀ་རྩེ་ནས་ཡིན་པའི་ཁྱིམ་ཚང་ ༣༨ གཞིས་སྤོས་བྱས་ཡོད་པ་རེད་འདུག

ཁ་སང་ South China Morning Post གསར་ཁང་གི་དྲ་གནས་ཐོག སྔ་ལོའི་ཕྱི་ཟླ་ ༡༢ ནང་གཞིས་ཀ་རྩེ་ཡི་ཁྱིམ་ཚང་དེ་དག་གཞིས་སྤོས་མ་བྱས་པའི་ཉིན་གྲངས་ ༧ ཙམ་གྱི་སྔོན་ཚུད་ནས་ཨ་རིའི་ Maxar ཟུང་སྐར་འཕྲུལ་ལས་ཁང་གིས་འདྲ་པར་ཞིག་ཕྱིར་བསྒྲགས་གནང་འདུག་པ་དང་། དེའི་ནང་ Tamalung གྲོང་ཚོ་གསར་པའི་ནང་ཁང་པ་ ༡༤༧ ཙམ་མངོན་རྒྱུ་འདུག དེ་བཞིན་ལས་གཞི་སྟངས་འཛིན་བྱེད་མཁན་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་བྲག་རྫོང་སྲིད་གཞུང་གིས་སྔ་ལོ་ ༢༠༢༣ གི་དབུལ་ཕོངས་ཡང་དུ་གཏོང་ཐབས་ཀྱི་ལས་གཞིའི་འགྲོ་གྲོན་སྙན་ཐོ་འདོན་སྤེལ་བྱས་པའི་ནང་། Tamalung གྲོང་ཚོ་གསར་རྒྱག་གི་ལས་གཞིའི་ཐོག་ཨ་སྒོར་ས་ཡ་ ༣་༦ ཙམ་འགྲོ་གྲོན་བཏང་ཡོད་ཅིང་། དེ་འབྲེལ་ཟུང་སྐར་གྱི་འདྲ་པར་ལ་གཞིགས་ཚེ། ས་ཁུལ་དེར་གྲོང་ཚོ་གསར་རྒྱག་གི་ལྷན་དུ་ཟམ་ཆེན་གཉིས་དང་གཞུང་ལམ་སོགས་སྔ་ལོའི་ཟླ་བ་དྲུག་ནང་ཚུད་འཛུགས་སྐྲུན་བྱས་ཡོད་པ་རེད་འདུག

མ་ཟད་ Tamalung ཤར་ཕྱོགས་སུ་ཆགས་པའི་ Gyalaphug གྲོང་ཚོ་གསར་རྒྱག་གི་ལས་གཞི་དེའང་སྔ་ལོར་ལྡབ་གཅིག་རྒྱ་སྐྱེད་བཏང་སྟེ། ཁུལ་དེར་ཁང་པ་ ༡༥༠ ཙམ་གསར་རྒྱག་སླད་སྤྱི་ལེ་གྲུ་བཞི་མ་ ༡༦ ནང་གི་ཤིང་ནགས་དེ་དག་གཅོད་འབྲེག་བྱས་ཡོད་ཅིང་། དེ་འབྲེལ་ཟུང་སྐར་བརྒྱུད་བླངས་པའི་འདྲ་པར་དེའི་ནང་ཁུལ་དེར་ཁང་པ་མང་པོ་གསར་རྒྱག་བྱས་འདུག་པ་དང་། དེའི་ནང་དམར་ཤོག་ཚོགས་པའི་སྤྱི་ཁང་དང་དཔེ་མཛོད་བཅས་མངོན་རྒྱུ་འདུག

གཞི་རྩའི་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་མི་མང་ཉིན་རེའི་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། ཞི་ཅིན་ཕིང་གིས་དབུལ་ཕོང་ཡང་དུ་གཏོང་ཐབས་ཟེར་བའི་སྲིད་བྱུས་ཀྱི་དམིགས་ཡུལ་བཞིན་ ༢༠༢༡ ལོའི་ལོ་མཇུག་བར་ས་མཚམས་ས་ཁུལ་ཁག་ཏུ་གྲོང་ཚོ་ ༦༢༠ གསར་རྒྱག་བྱས་ཟིན་ཡོད་སྐོར་བཤད་འདུག་པ་དང་། དེའི་ཁྲོད་ལྷོ་བྲག་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ Zhao Tianwu ཟེར་བ་དེས་དེ་སྔ་ ༢༠༢༠ ལོའི་གཏམ་བཤད་ནང་། རྒྱ་ནག་དབུས་དམར་ཤོག་འགོ་འཁྲིད་རྣམས་ནས་མང་ཚོགས་ཀྱི་བདེ་དོན་སྲུང་སྐྱོབ་ཀྱི་རྣམ་པ་མངོན་གསལ་སླད་ས་མཚམས་ས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་གསར་རྒྱག་གི་ལས་གཞི་དེ་དག་སྤེལ་དགོས་པ་བཤད་ཡོད།

རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༠ ནང་དུ་རྒྱ་ནག་དང་འབྲུག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གྲོས་མོལ་རིམ་པ་ ༢༥ དེ་ཚོགས་ཡོད་པ་དང་། ས་མཚམས་རྙོག་གླེང་ཞི་སླད་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མི་སྣ་ས་མཚམས་ཁག་ཏུ་དངོས་སུ་བསྐྱོད་དེ་ཕྱོགས་སོ་སོའི་ས་མཚམས་ས་ཐིག་གསལ་བཟོ་བརྒྱུད་རྙོག་གླེང་མེད་པར་བཟོ་རྒྱུ་ཡིན་པའི་གྲོས་མཐུན་འཇོག་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་ Maxar ཟུང་སྐར་བརྒྱུད་གནས་ཚུལ་མངོན་གསལ་བྱུང་བའི་ནང་། རྒྱ་ནག་གི་འབྲུག་གི་ Jakarlung ས་མཚམས་ཁུལ་དུ་ས་ཆ་ཧམ་བཟས་བྱས་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་ད་བར་རྒྱ་ནག་དང་འབྲུག་གཉིས་ཀའི་ངོས་ནས་གནད་དོན་དེའི་ཐད་བརྒྱུད་ལམ་ཁག་ལ་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ལྷོ་བྲག་རྫོང་སྲིད་གཞུང་གིས་སྙན་ཐོའི་ནང་ Tamalung དང་ Gyalaphug གྲོང་ཚོ་དེ་དག་གྲོང་ཁྱེར་ཅན་དུ་འགྱུར་འཆར་ཡོད་ལུགས་བཤད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།