Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སྲིད་སྐྱོང་མཆོག་གི་ Baltic ཁུལ་གྱི་ཕྱོགས་བསྐྱོད་ལ་སྐྱོན་བརྗོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་  ༢༢ ནས་བཟུང་དབྱིན་ཡུལ་གཙོས་པའི་ཕིན་ལེནྜ་དང་ཡོ་རོབ་གླིང་ཕྲན་གྱི་ Baltic རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་འབྲེལ། ལྷག་པར་ཕྱི་ཚེས་ ༢༥ ཉིན་ Estonia ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་ཁྲིམས་དོན་གནས་བབ་དང་འབྲེལ་བའི་ཉན་ཞིབ་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་ཡོད་པར་བརྟེན། རྒྱ་གཞུང་ངོས་ནས་དེར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། ཨེ་སི་ཊོ་ནི་ཡའི་ངོས་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་ཨེ་སི་ཊོ་ནི་ཡའི་ནང་གི་འཚམས་གཟིགས་ཁྲོད། ཡུལ་དེའི་གྲོས་ཚོགས་ནང་བོད་ཀྱི་ཁྲིམས་དོན་གནས་བབ་དང་འབྲེལ་བའི་ཉན་ཞིབ་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་ཡོད་པ་དང་། ལས་རིམ་དེ་ཉིད་ཁུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Juku Kalle Raid ཇུཀྐལ་ལེ་རེཌ་ལགས་ཀྱིས་གཙོ་སྐྱོང་གནང་འདུག  དེའི་ཐོག་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Lauri Hussar མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་སུམ་ཅུ་སོ་ལྔ་ཙམ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་ Michael Van Walt ལགས། རྒྱ་རིགས་མཁས་དབང་སྐུ་ཞབས་ Hon-Shiang Lau ལགས། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས། དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས། དེ་བཞིན་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གསར་འགོད་པ། ཤེས་ཡོན་ཅན་སོགས་ནས་མཉམ་ཞུགས་གནང་འདུག

ཉན་ཞིབ་ལས་རིམ་དེའི་ཐོག་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། དེ་བཞིན་ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་སྐོར་ངོ་སྤྲོད་དང་སྦྲགས། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་ Michael Van Walt ལགས་དང་རྒྱ་རིགས་མཁས་དབང་སྐུ་ཞབས་ Hon-Shiang Lau ལགས་རྣམ་གཉིས་ཀྱིས་ཡོན་དང་། མིང་། ཆིང་རྒྱལ་རབས་བཅས་ཀྱི་ཡིག་ཆ་དང་ས་ཁྲ་སོགས་ལ་ལེགས་པར་ཞིབ་འཇུག་ཀྱིས་ལོ་རྒྱུས་ཐོག་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་ཡོད་སྐོར་གསུངས་བཤད་གནང་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ཡིག་ཆའི་བརྒྱུད་བོད་རྒྱལ་ཁབ་ཀྱི་འབྱུང་ཁུངས་སྐོར་ལ་ཁུངས་སྐྱེལ་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

སྲིད་སྐྱོང་མཆོག་གི་ཐེངས་འདིའི་ཨེ་སི་ཊོ་ནི་ཡའི་ནང་གི་འཚམས་གཟིགས་དང་འབྲེལ། ཕྱི་ཚེས་ ༢༦ ཉིན་ཡུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་། བཙན་བྱོལ་བོད་གཞུང་ཟེར་བ་དེས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ཁྲིམས་ལུགས་ལས་ཡོངས་སུ་འགལ་བའི་ཁ་བྲལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན་ལུགས་དང་། སྒྲིག་འཛུགས་འདི་དང་མཉམ་དུ་རྒྱལ་ཁབ་གང་ཞིག་གིས་འབྲེལ་བ་བྱས་ཚེ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་ཉེན་བརྡ་དྲག་པོ་བཏང་ཡོད་པ་ཙམ་མ་ཟད། ཨེ་སི་ཊོ་ནི་ཡའི་གཞུང་གཙོས་ཚོགས་སྒེར་ཁག་ནས་རྒྱ་ནག་གི་ས་ཁོངས་བདག་དབང་ལ་གུས་བརྩི་ཞུས་ཐོག་བོད་ཀྱི་གནད་དོན་གཙོས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་པ་དང་། ལྷག་པར་དེས་རྒྱ་ནག་དང་ཨི་སི་ཊོ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པ་སོགས་སྡིགས་ར་སྐུལ་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེ་སི་ཊོ་ནི་ཡའི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཀྱིས་ཁ་སྔོན་ཕྱི་ཚེས་ ༢༦ ཉིན་ Finland ཕིན་ལེནྜའི་གྲོང་ཁྱེར་ Helsinki ཧེལ་སིང་ཀིར་ཕེབས་འབྱོར་གྱིས་ཕིན་ལེནྜའི་གཞུང་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། ཤེས་ཡོན་པ། དེ་བཞིན་རྩོམ་པ་པོ་སོགས་དང་མཇལ་མོལ་གྱི་མཛད་རིམ་བསྐྱངས་རྗེས་ཁ་ཉིན་ཕྱི་ཚེས་ ༢༧ ཉིན་རྒྱབ་  Latvia རྒྱལ་ཁབ་ཀྱི་ Riga གྲོང་ཁྱེར་ནང་ཕེབས་འབྱོར་བྱུང་ཡོད་པ་ལྟར། ཕྱི་ཚེས་ ༢༨ སྟེ། རེས་གཟའ་ཉིན་མའི་དགོང་དྲོར་སྲིད་སྐྱོང་མཆོག་གིས་ཨུ་རུ་སུའི་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Artur Smolyaninov ལགས་ཀྱིས་གོ་སྒྲིག་གནང་བའི་ Law, Ethics and Morality ཞེས་ཁྲིམས་ལུགས་དང་། བཟང་སྤྱོད། ཀུན་སྤྱོད་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་སྐོང་ཚོགས་གནང་བ་དེར་མཉམ་ཞུགས་གནང་ཡོད་པ་རེད།

པར་དབང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།