Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱིས་འཕགས་བོད་ས་མཚམས་སུ་དམག་མི་ཆིག་ཁྲི་ལྷག་འཕར་མ་འགྲེམས་འཇོག་བྱས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གར་གྱིས་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཆེ་བའི་འཕགས་བོད་ས་མཚམས་སུ་དམག་མི་སྟོང་ཕྲག་བཅུ་ལྷག་ཇེ་མང་དུ་བཏང་ཡོད་པ་རེད་འདུག དེ་ཡང་ཁ་སང་ Bloomberg གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ Galwan ཁུལ་དུ་རྒྱ་དཀར་ནག་གྱི་དམག་མི་དབར་གདོང་ཐུག་ཤུགས་ཆེ་བྱུང་བ་ནས་བཟུང་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བའི་ཁྲོད། ཉེ་ལམ་རྒྱ་གར་གཞུང་གིས་དེ་སྔ་ཡུལ་དེའི་ནུབ་ཕྱོགས་ས་མཚམས་ཁུལ་དུ་འགྲེམས་འཇོག་བྱས་པའི་དམག་མི་ཆིག་ཁྲི་ལྷག་ཙམ་ཞིག་འཕགས་བོད་ས་མཚམས་སྲུང་ཆེད་ཆེད་གཏོང་བྱས་ཡོད་པ་རེད་འདུག

Indo-Tibet Border

གསར་ཤོག་དེས་མཚན་གསལ་གནང་འདོད་མེད་པའི་རྒྱ་གར་དབུས་གཞུང་གི་དཔོན་རིགས་ཁག་གཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལུང་འདྲེན་གནང་བ་ལྟར་ན། རྒྱ་གར་གཞུང་གིས་མཐའ་མཚམས་དམག་མི་ཆིག་ཁྲི་ལྷག་ཙམ་འཕགས་བོད་མཐའ་མཚམས་སུ་འགྲེམས་འཇོག་བྱས་པ་མ་ཟད། རྩོད་རྙོག་ཅན་གྱི་འཕགས་བོད་མཐའ་མཚམས་ཀྱི་དམག་མི་གྲངས་ ༩༠༠༠ ལྷག་ཉེ་ལམ་གསར་དུ་ཆེད་བཙུགས་བྱས་པའི་དམག་སྡེ་གསར་པ་ཞིག་གི་ཁྱབ་ཁོངས་སུ་བཅུག་སྟེ། ད་ཆ་དམག་སྡེ་གཉིས་ཚོགས་ཀྱི་དམག་དཔུང་དེ་དག་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཁནཌ་ Uttarkhand དང་ཧི་མ་ཅལ་ Himachal མངའ་སྡེ་ནང་ཆགས་པའི་སྤྱི་ལེ་ ༥༣༢ ཅན་གྱི་འཕགས་བོད་མཐའ་མཚམས་སྒོ་སྲུང་བྱ་རྒྱུ་ཡིན་པ་རེད་འདུག

རྒྱ་གར་གཞུང་གིས་ད་རེས་འཕགས་བོད་མཐའ་མཚམས་སུ་མེ་སྒྱོགས་དང་གནམ་དམག་སོགས་ཀྱི་མཐུན་རྐྱེན་ལྡན་པའི་དམག་དཔུང་འཕར་མ་དེ་ལྟར་འཇོག་པ་དེས། ཐབས་བྱུས་ཆ་ནས་འཕགས་བོད་ས་མཚམས་ཀྱི་གནད་དོན་དེ་རྒྱ་གར་གཞུང་ལ་ཚོར་རྣོན་པོ་ཇི་ཙམ་ཆགས་ཡོད་པ་གསལ་འདོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག

Indo-Tibet Border

ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ Galwan ཁུལ་དུ་བྱུང་བའི་རྒྱ་དཀར་ནག་གཉིས་དབར་གྱི་དམག་གི་གདོང་ཐུག་ཁྲོད། རྒྱ་གར་གྱི་མཐའ་མཚམས་དམག་མི་ ༢༠ ལྷག་གི་ཚེ་སྲོག་ཤོར་ཡོད་པའི་རྐྱེན་རྒྱ་གར་གཞུང་ནས་སྐབས་དེར་འཕགས་བོད་མཐའ་མཚམས་སུ་དམག་མི་ཁྲི་ལྔ་འཕར་མ་འགྲེམས་འཇོག་བྱས་ཡོད་པ་རེད། དེ་འབྲེལ་རྒྱ་གར་གྱི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ Giridhar Aramane ལགས་ཀྱིས་ཟླ་བ་སྔོན་མར་ཚོགས་པའི་ཚོང་འབྲེལ་གི་ཚོགས་འདུ་ཞིག་གི་སྐབས་སུ། “དེ་སྔ་ ༢༠༢༠ ལོར་ང་ཚོར་དཀའ་ངལ་འཕྲད་པ་དེ་བཞིན་སླར་ཡང་འབྱུང་སྲིད་པ་དེས་ང་ཚོར་དུས་རྟག་ཏུ་གྲ་སྒྲིག་ཨང་སར་དུ་འཇོག་གི་ཡོད་” ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོའི་ཕྱོགས་གཉིས་དབར་གྱི་གདོང་ཐུག་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བ་མ་ཟད། ད་བར་ཕྱོགས་གཉིས་དབར་དམག་དང་ཕྱི་འབྲེལ་གྱི་གྲོས་མོལ་ཐེངས་ ༢༡ ཙམ་བྱས་ཡོད་ཀྱང་། ད་ལྟའང་རྒྱལ་ཁབ་དེ་གཉིས་དབར་གྱི་དཀའ་རྙོག་ལ་དོན་དམ་གྱི་ཡར་རྒྱས་བྱུང་མེད་པ་རེད། ལྷག་དོན་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གི་ཚོང་ལས་ཁག་དང་མ་འཛུགས་ཁག་གཅིག་ཡུལ་དེའི་ནང་བཀག་སྡོམ་གྱི་ཁྲིམས་ཡང་གཏན་འབེབས་གནང་བའི་ཐོག ད་རེས་ས་མཚམས་སུ་མེ་སྒྱོགས་དང་མཁའ་དམག་གི་མཐུན་རྐྱེན་ལྡན་པའི་དམག་མི་ཕོན་ཆེ་དེ་དག་བསྐོ་སྒྲིག་གི་ལས་གཞི་དེས་རྒྱ་ནག་གི་འགོ་འཁྲིད་ཚོར་སླར་ཡང་སུན་སྣང་སློང་སྲིད་པ་འགྲེལ་བརྗོད་གནང་བཞིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།