Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Sujit Kumar མཆོག་གིས་དབུས་པའི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Parlad Singh Sawhney ལགས། རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མི་སོགས་གནད་ཡོད་ཀྱི་མི་སྣ་མང་དག་ཅིག་ལྷན་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞེས་པའི་༸སྐུའི་འཁྲངས་སྐར་དུས་ཆེན་ཉིན་མོར་སྲུང་བརྩི་ཟབ་རྒྱས་ཞུས་སོང་།  

༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་གིས་བོད་མི་ཚོར་མཚོན་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དེ་ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས་ཀྱང་། རྒྱ་གར་བ་ཚོའི་ངོས་ནས་གནས་སྐབས་དེ་བསོད་ནམས་ཆེན་པོར་ ངོས་འཛིན་གནང་གི་ཡོད་ཅེས་དང་། ཁོང་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་འདིའི་རིང་ལ་བོད་དུ་ཕྱིར་ཕེབས་ནས་བོད་ཀྱི་རྒྱལ་ས་ལྷ་སར་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་སྨོན་འདུན་ཡོད་ཅེས་གསུངས་ཡོད།

ལྡི་ལི་བོད་སྒར་བསམ་ཡས་གླིང་གྱི་བོད་ཁྱིམ་སློབ་གྲྭའི་ཐང་ཆེན་དུ་གོ་སྒྲིག་ཞུས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཐོག་སྐུ་མགྲོན་གྱི་གཙོ་བོ་རྒྱ་གར་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Sujit Kumar མཆོག་གིས་བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ཁག་དྲན་གསོ་གནང་བ་དང་སྦྲགས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་པར་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རང་ཉིད་ཀྱི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་དང་ལྷག་པར་རྒྱ་གར་དབུས་ས་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཞུ་རྒྱུའི་ཞལ་བཞེས་བཅས་གནང་སོང་།    

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་ཐོག་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Parlad Singh Sawhney མཆོག་ཕེབས་དོན་བཞིན་སྐབས་དེར་བོད་སྒར་བསམ་ཡས་གླིང་དུ་དེང་དུས་ཀྱི་ཆ་རྐྱེན་ཡོད་པའི་ Footover Bridge ཞིག་གསར་བསྐྲུན་གནང་རྒྱུ་ཐག་གཅོད་ཟིན་པའི་གཏམ་བཟང་ཡོངས་གྲགས་གནང་བ་མ་ཚད་པར་ལྡི་ལི་གཞུང་གིས་བོད་སྒར་བསམ་ཡས་གླིང་དེ་གྲོང་ཁྱེར་གྱི་ཚད་ལྡན་ Foodhub ཟས་རིགས་ཀྱི་ལྟེ་གནས་ཤིག་ཏུ་བཟོ་རྒྱུའི་ལས་འཆར་ཡོད་པ་ལྟར་ས་གནས་སུ་ཆུ་འགྲོ་དང་སྲང་ལམ།  གཞུང་ལམ་བཅས་པ་རྒྱ་བསྐྱེད་གནང་འཆར་ཡོད་སྐོར་གསུངས་ཡོད།

ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཁ་སང་གི་མཛད་སྒོ་ཐོག་ད་དུང་སྐུ་མགྲོན་དུ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་འབྲེལ་ཡོད་ཚོགས་མི་དང་།   BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པས་དབུས་པའི་ཚོགས་མི་ཁག་གཅིག རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་སྐུ་ཚབ་བཅས་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ཆེད་ཕེབས་གནང་སོང་བ་དང་། དེ་བཞིན་མི་མང་བརྒྱ་ཁྲག་འགའ་ཤས་འདུ་འཛོམས་བྱུང་བའི་མཛད་སྒོར་ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟཱི་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་དང་།

ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་བཅས་གནང་ཡོད་པར་མ་ཟད།བོད་ཁྱིམ་གྱི་སློབ་ཕྲུག་དང་ཚོགས་སྐྱིད་ཁག་ནས་བོད་ཀྱི་ཡུལ་ལུང་སོ་སོའི་གཞས་སྣ་འདྲ་མིན་གཟིགས་འབུལ་དང་འབྲེལ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞེས་པའི་༸སྐུའི་འཁྲངས་སྐར་དུས་ཆེན་ཉིན་མོར་སྲུང་བརྩི་ཟབ་རྒྱས་ཞུས་སོང་།  

འབྲེལ་ཡོད་གསར་གནས།

གསར་གནས།